གསུང་མགུར་བརྒྱ་དང་བཅུ་དགུ༌པ།
དཀོན་མཆོག་ཡ་ཝཱེའི་བཀའ་ལ་བསྟོད་བསྔགས་བརྗོད་པ།
1 སུ་ཞིག་སྤྱོད་པ་ཡོངས་སུ་རྫོགས་པ༌དང༌། །ཡ་ཝཱེའི་བཀའ་ཁྲིམས་བརྩི་སྲུང་བྱེད་པ༌བདེ།། 2 ཁོང་གི་དཔང་ཡིག་སྲུང་ཞིང་རྩེ་གཅིག༌གིས། །ཁོང་ཉིད་འཚོལ་བར་བྱེད་པའི་མི་རྣམས༌བདེ།། 3 དེ་ཚོས་མ་རུང་གང་ཡང་མི་བྱེད༌ཅིང༌། །ཁོང་གི་ཕེབས་ལམ་རྣམས་སུ་འགྲུལ་བར༌བྱ།། 4 ང་ཚོས་བརྩི་སྲུང་ནན་མོ་བགྱི་བའི༌ཕྱིར། །ཡ་ཝཱེ་ཁྱེད་ཀྱིས་ང་ཚོར་བཀའ་སློབ༌གནང༌།། 5 ཁྱེད་ཀྱི་སྒྲིག་ཁྲིམས་བརྩི་སྲུང་བྱ་ཐུབ༌ཕྱིར། །ང་ཡི་སྤྱོད་པ་བརྟན་པོ་འོང་བར༌ཤོག། 6 ཁྱེད་ཀྱི་བཀའ་རྒྱར་བརྩི་མཐོང་བྱེད་པས༌ན། །ང་རང་ནམ་ཡང་ནོངས་པར་མི་འགྱུར༌རོ།། 7 བདག་གིས་ཁྱེད་ཀྱི་དྲང་པོའི་ཁྲིམས་བསླབ༌པས། །གཞུང་དྲང་སེམས་ཀྱིས་ཁྱེད་ལ་གཏང་རག༌འབུལ།། 8 བདག་གིས་ཁྱེད་ཀྱི་སྒྲིག་ཁྲིམས་བསྲུང་བྱ༌ཞིང༌། །ཁྱེད་ཀྱིས་ང་རང་ཡོངས་སུ་སྤང་མ༌མཛོད།།
༼པེ༌ཐ།༽
9 གཞོན་ནུས་སྤྱོད་ལམ་ཅི་ལྟར་གཙང་བར༌བྱ། །ཁྱེད་ཀྱི་བཀའ་བཞིན་འཚོ་བས་ཆོག་པ༌ཡིན།། 10 བདག་གིས་ཡིད་སེམས་ཧྲིལ་པོས་ཁྱེད་རང༌འཚོལ། །ཁྱེད་ཀྱི་བཀའ་ལས་ང་རང་འཁྱར་མ༌འཇུག། 11 ཁྱེད་དང་འགལ་བའི་སྡིག་པ་མི་བྱེད༌ཕྱིར། །ཁྱེད་ཀྱི་བཀའ་ནི་སེམས་གཏིང་ཉར་ནས༌ཡོད།། 12 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཉིད་བསྟོད་པར༌འོས། །ཉིད་ཀྱི་སྒྲིག་ཁྲིམས་ང་ལ་སློབ་པར༌མཛོད།། 13 ཁྱེད་ཀྱི་ཞལ་ལས་འབྱུང་བའི་ཁྲིམས་སྲོལ༌ཀུན། །བདག་གི་མཆུ་སྒྲོས་ཀྱིས་ནི་བསྒྲག་པར༌བྱ།། 14 རྒྱུ་ནོར་ལོངས་སྤྱོད་ཀུན་ལ་དགའ་བ༌བཞིན། །ང་རང་ཁྱེད་ཀྱི་དཔང་ཡིག་ལ་དགའ༌འོ།། 15 ཁྱེད་ཀྱི་བཀའ་སློབ་བདག་གིས་སྒོམ་པར༌བྱ། །ཁྱེད་ཀྱི་ཕེབས་ལམ་རྣམས་ལ་བཀུར་སྟི་བྱེད།། 16 ང་རང་ཁྱེད་ཀྱི་སྒྲིག་ཁྲིམས་རྣམས་ལ༌དགའ། །ཁྱེད་ཀྱི་བཀའ་ནི་བདག་གིས་བརྗེད་མི༌བྱ།།
༼གྷི༌མེལ།༽
17 ཁྱེད་ཀྱི་ཞབས་ཕྱི་དྲིན་གྱིས་སྐྱོང་བར༌མཛོད། །ང་རང་འཚོ་ཞིང་ཉིད་ཀྱི་བཀའ་རྣམས༌བརྩི།། 18 བཀའ་ཁྲིམས་ཁྲོད་ཀྱི་ངོ་མཚར་མཐོང་བའི༌ཕྱིར། །ཁྱེད་ཀྱིས་བདག་གི་མིག་ཟུང་འབྱེད་པར༌མཛོད།། 19 ས་གཞིར་ང་རང་བྱེས་པ་ཡིན་པས༌ན། །ཁྱེད་ཀྱི་བཀའ་རྣམས་བདག་ལ་མི་སྦ༌རོགས།། 20 རྟག་ཏུ་ཁྱེད་ཀྱི་ཁྲིམས་ལ་རབ་དུངས༌བས། །ཐ་ན་བདག་གི་སེམས་ཤུགས་ཀྱང་ཉམས༌སོ།། 21 དམོད་མོ་ཐེབས་ཤིང་བཀའ་ལས་འཁྱར་བ༌ཡི། །ང་རྒྱལ་ཅན་ལ་ཁྱེད་ཀྱིས་བཀའ་བཀྱོན༌མཛད།། 22 བདག་གིས་ཁྱེད་ཀྱི་དཔང་ཡིག་རྣམས་བསྲུངས༌པས། །འཕྱ་དམོད་མཐོང་ཆུང་ང་དང་འབྲལ་བར༌མཛོད།། 23 སྐུ་དྲག་ལྷན་ཅིག་བསྡད་ནས་ང་རང༌གླེང༌། །འོན་ཀྱང་ཞབས་ཕྱིས་ཉིད་ཀྱི་སྒྲིག་ཁྲིམས༌སྒོམ།། 24 ཁྱེད་ཀྱི་དཔང་ཡིག་ང་ཡི་དགའ་སྤྲོ༌ཡིན། །དེ་རྣམས་བདག་གི་གྲོས་འདེབས་ཡིན་པ༌འོ།།
༼དཱ་ལེ༌ཐ།༽
25 ང་ནི་ས་རྡུལ་ནང་དུ་འདྲེས་ལ༌ཉེ། །ཁྱེད་ཀྱི་བཀའ་བཞིན་ང་རང་གསོན་པར༌མཛོད།། 26 བདག་གིས་རང་གི་ཅི་བྱས་རྣམས་བཤད༌པས། །ཁྱེད་ཀྱིས་ང་ལ་བཀའ་ལན་གནང་བ༌དང༌། །ཉིད་ཀྱི་སྒྲིག་ཁྲིམས་ང་ལ་སློབ་པར༌མཛོད།། 27 ཁྱེད་ཀྱི་བཀའ་ཡི་བསླབ་བྱ་རྟོགས་སུ༌གསོལ། །བདག་གིས་ཁྱེད་ཀྱི་ངོ་མཚར་དོན་རྣམས༌སྒོམ།། 28 སྡུག་བསྔལ་དབང་གིས་མཆི་མ་བཞུར་བས༌ན། །ཁྱེད་ཀྱི་བཀའ་བཞིན་ང་ལ་སྟོབས་ཤུགས༌གནོངས།། 29 ང་རང་གཡོ་སྒྱུའི་ལམ་དང་ཕྲལ་བར༌མཛོད། །ཁྱེད་ཀྱི་བཀའ་ཁྲིམས་ང་ལ་གནང་དུ༌གསོལ།། 30 བདག་གིས་དྲང་བདེན་ལམ་དེ་བདམས་པ༌ཡིན། །ཁྱེད་ཀྱི་ཁྲིམས་སྲོལ་རྟག་ཏུ་མདུན་སར༌བཞག། 31 ཁྱེད་ཀྱི་དཔང་ཡིག་དམ་པོར་བསྲུངས་པས༌ན། །ཀྱེ་ཀྱེ་ཡ་ཝཱེ་ངོ་ཚར་མ་གཏོད༌ཅིག། 32 ཁྱེད་ཀྱིས་ངའི་སེམས་ཡངས་སར་བཀོད་པས༌ན། །ང་རང་ཁྱེད་ཀྱི་བཀའ་རྒྱའི་ལམ་དུ༌རྒྱུག།
༼ཧཱེ།༽
33 ཡ་ཝཱེ་ཁྱེད་ཀྱི་སྒྲིག་ཁྲིམས་ང་ལ༌སློབ། །བདག་གིས་དེ་རྣམས་མཐའ་མའི་བར་དུ༌བསྲུང༌།། 34 བློ་གྲོས་གནོངས་དང་ཁྱེད་ཀྱི་བཀའ་ཁྲིམས༌བསྲུང༌། །ཡིད་སེམས་ཧྲིལ་པོས་དེ་ཉིད་བསྲུང་བར༌བྱ།། 35 ཁྱེད་ཀྱི་བཀའ་རྒྱའི་ལམ་ནང་ཁྲིད་པར༌མཛོད། །དེ་རུ་བདག་སེམས་དགའ་མགུ་རངས་པས༌སོ།། 36 ངའི་སེམས་མི་གཙང་ནོར་ལ་མི་ཕྱོགས༌པར། །ཁྱེད་ཀྱི་དཔང་ཡིག་ཕྱོགས་སུ་འདྲེན་པར༌མཛོད།། 37 སྙིང་པོ་མེད་པའི་དོན་ལས་ངའི་མིག༌སྲུངས། །ཁྱེད་ཀྱི་བཀའ་ནང་ང་རང་འཚོ་བར༌མཛོད།། 38 གུས་ཤིང་འཇིགས་པའི་མི་ལ་གནང་བ༌ཡི། །ཞལ་བཞེས་ཁྱེད་ཀྱི་ཞབས་ཕྱིར་མཛད་དུ༌གསོལ།། 39 ཁྱེད་ཀྱི་ཁྲིམས་སྲོལ་གཞི་ནས་བཟང་བས༌ན། །ང་རང་འཇིགས་པའི་ངོ་ཚ་ཕྲལ་བར༌མཛོད།། 40 ཁྱེད་ཀྱི་བཀའ་སློབ་ལ་ནི་ང་རང༌དུངས། །ཁྱེད་ཀྱི་དྲང་བདེན་ནང་དུ་འཚོ་བར༌མཛོད།།
༼ཝཱ་ཝའུ།༽
41 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱི་ཞལ་བཞེས་བཞིན། །བྱམས་བརྩེ་ཐར་པ་ངའི་སྟེང་འབབ་པར༌ཤོག། 42 ཁྱེད་ཀྱི་བཀའ་ལ་བློ་གཏད་བཅོལ་བས༌ན། །ངོ་ཚ་གཏོད་མཁན་རྣམས་ལ་ངས་ལན༌འདེབས།། 43 ཁྱེད་ཀྱི་ཁྲིམས་སྲོལ་རྣམས་ལ་ངས་རེ༌བས། །བདེན་པའི་བཀའ་ངའི་སྨྲ་སྒོར་འབྲལ་མ༌འཇུག། 44 ཁྱེད་ཀྱི་བཀའ་ཁྲིམས་བདག་གིས་གཏན་དུ༌བསྲུང༌།། 45 ཁྱེད་ཀྱི་བཀའ་སློབ་བདག་གིས་བཙལ་བས༌ན། །ང་རང་ས་ཁོད་ཡངས་སར་འགྲུལ་བར༌བྱ།། 46 ཁྱེད་ཀྱི་དཔང་ཡིག་རྒྱལ་པོ་རྣམས་ཀྱི༌དྲུང༌། །འཆད་པར་བྱ་ཞིང་ང་རང་གནོང་མི༌འགྱུར།། 47 ཁྱེད་ཀྱི་བཀའ་རྒྱའི་ནང་དུ་ང་རང༌དགའ། །བཀའ་དེར་ང་རང་གཞི་ནས་དགའ་བ༌ཡིན།། 48 གཅེས་སུ་འཛིན་པའི་ཁྱེད་ཀྱི་བཀའ་རྒྱའི༌ཕྱོགས། །ང་ཡིས་ལག་པ་མཐོ་རུ་འདེགས་པར༌བྱ། །ཁྱེད་ཀྱི་སྒྲིག་ཁྲིམས་རྣམས་ནི་བདག་གིས༌སྒོམ།།
༼ཛ་ཡན།༽
49 ཁྱེད་ཀྱིས་བདག་ལ་རེ་བ་བསྐྱེད་མཛད༌པས། །ཞབས་ཕྱིར་ཞལ་གྱིས་བཞེས་པའི་བཀའ་དྲན༌མཛོད།། 50 ཁྱེད་ཀྱི་བཀའ་ཡིས་ང་རང་གསོན་པར༌མཛད། །འདི་ནི་སྡུག་བསྔལ་ཁྲོད་ཀྱི་སེམས་གསོ༌ཡིན།། 51 ང་རྒྱལ་ཅན་གྱིས་ཚད་མེད་བརྙས་ན༌ཡང༌། །ང་རང་ཁྱེད་ཀྱི་བཀའ་ཁྲིམས་ལས་མ༌འཁྱར།། 52 ཀྱེ་ཀྱེ་ཡ་ཝཱེ་བདག་གིས་ཁྱེད་ཉིད༌ཀྱི། །གནའ་བོའི་ཁྲིམས་སྲོལ་དྲན་ནས་སེམས་གསོ༌ཐོབ།། 53 ཁྱེད་ཀྱི་བཀའ་ཁྲིམས་སྤངས་པའི་མི་ངན༌རྐྱེན། །ཁོང་ཁྲོའི་མེ་ལྕེ་དྲག་པོ་ངའི་ནང༌འབར།། 54 བདག་གིས་འཇིག་རྟེན་འདི་རུ་གནས་བཅས༌ཤིང༌། །ཁྱེད་ཀྱི་སྒྲིག་ཁྲིམས་མགུར་མའི་དབྱངས་སུ༌བྱས།། 55 ཡ་ཝཱེ་མཚན་མོར་ཁྱེད་ཀྱི་མཚན་དྲན༌ཞིང༌། །ཉིད་ཀྱི་བཀའ་ཁྲིམས་ང་ཡིས་བསྲུངས་པ༌ཡིན།། 56 ཁྱེད་ཀྱི་བཀའ་སློབ་རྩི་བ་བདག་ལ༌གོམས།།
༼ཧཱེ༌ཐུ།༽
57 ཡ་ཝཱེ་ང་ཡི་ནོར་སྐལ་ཡིན་པས༌ན། །ཁྱེད་ཀྱི་བཀའ་རྣམས་བསྲུང་དགོས་བདག་གིས༌སྨྲས།། 58 ཡིད་སེམས་ཧྲིལ་པོས་ཁྱེད་ཀྱི་བཀའ་དྲིན༌བཙལ། །ཁྱེད་ཀྱི་བཀའ་བཞིན་ང་ལ་སྙིང་རྗེ༌མཛོད།། 59 རང་གི་ལམ་ལ་བསམ་བློ་བཏང་ནས༌ནི། །ཁྱེད་ཀྱི་དཔང་ཡིག་ཕྱོགས་སུ་གོམ་སྟབས༌བསྒྱུར།། 60 ཁྱེད་ཀྱིས་གནང་བའི་བཀའ་རྣམས་བསྲུང་བའི༌ཕྱིར། །མགྱོགས་མགྱོགས་བགྱིས་ནས་འགོར་འགྱང་མི་བྱ༌འོ།། 61 ངན་པའི་ཐག་པས་ང་རང་དཀྲིས་ན༌ཡང༌། །བདག་གིས་ཁྱེད་ཀྱི་བཀའ་ཁྲིམས་བརྗེད་མེད༌ཡིན།། 62 ཁྱེད་ཀྱི་དྲང་བདེན་ཁྲིམས་སྲོལ་རྣམས་ཀྱི༌ཕྱིར། །ནམ་གུང་ལངས་ནས་ཁྱེད་ལ་གཏང་རག༌འབུལ།། 63 ཁྱེད་ལ་གུས་ཤིང་འཇིགས་ལ་བཀའ་སློབ༌རྣམས། །རྩི་མཁན་དག་གི་གྲོགས་པོ་ང་ཡིན༌ནོ།། 64 ཡ་ཝཱེ་ཁྱེད་ཀྱི་བྱམས་བརྩེ་ས་གཞིར༌ཁྱབ། །ཉིད་ཀྱི་སྒྲིག་ཁྲིམས་ང་ལ་སློབ་པར༌མཛོད།།
༼ཏཱེ༌ཐུ།༽
65 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱི་བཀའ་བཞིན༌དུ། །ཉིད་ཀྱི་ཞབས་ཕྱིར་ལེགས་པོ་མཛད་བྱུང༌ངོ༌།། 66 ང་རང་ཁྱེད་ཀྱི་བཀའ་ལ་དད་པས༌ན། །ཤེས་བྱ་མཁས་མཛངས་ང་ལ་སློབ་པར༌མཛོད།། 67 སྡུག་བསྔལ་མ་མྱངས་སྔོན་ལ་ཉེས་སྐྱོན༌བཟོས། །འོན་ཀྱང་ད་ནི་ཁྱེད་ཀྱི་བཀའ་སྲུང༌ངོ༌།། 68 ཁྱེད་ནི་བཟང་པོ་ལགས་པས་བཟང་པོ༌མཛད། །ཁྱེད་ཀྱི་སྒྲིག་ཁྲིམས་བདག་ལ་སློབ་པར༌མཛོད།། 69 ང་རྒྱལ་ཅན་གྱིས་བདག་ལ་རྫུན་གྱིས༌སྨད། །ངའི་སེམས་ཧྲིལ་པོས་ཁྱེད་ཀྱི་བཀའ་སློབ༌རྩི།། 70 དེ་ཚོའི་སྙིང་ནི་ཚིལ་གྱིས་བཏུམས་ན༌ཡང༌། །ང་རང་ཁྱེད་ཀྱི་བཀའ་ཁྲིམས་ལ་དགའ༌འོ།། 71 ཁྱེད་ཀྱི་སྒྲིག་ཁྲིམས་བདག་གིས་སློབ་པའི༌ཕྱིར། །སྡུག་བསྔལ་མྱངས་པས་བདག་ལ་ཕན་ཐོགས༌སོ།། 72 གསེར་དངུལ་སྟོང་ཕྲག་ལས་ཀྱང་ཁྱེད་ཉིད༌ཀྱི། །ཞལ་ལས་འབྱུང་བའི་བཀའ་ཁྲིམས་བདག་ལ༌ཕན།།
༼ཡཱོ་དའུ།༽
73 ང་ནི་ཁྱེད་ཀྱི་ཕྱག་གིས་བཀོད་ཅིང༌བཟོས། །ཁྱེད་ཀྱི་བཀའ་རྣམས་སློབ་ཕྱིར་གོ་རྟོགས༌གནོངས།། 74 ཁྱེད་ཀྱི་བཀའ་ལ་བདག་གིས་རེ་བས༌ན། །ཁྱེད་ལ་གུས་ཤིང་འཇིགས་པའི་མི་རྣམས༌ཀྱིས། །ང་རང་མཐོང་ན་དགའ་མགུ་ཡི་རང༌བགྱི།། 75 ཡ་ཝཱེ་ཁྱེད་ཀྱི་ཁྲིམས་གཅོད་དྲང་བ༌ཤེས། །དྲང་བདེན་སྒོ་ནས་ང་རང་སྡུག་ལ༌སྦྱར།། 76 ཞབས་ཕྱིར་ཞལ་གྱིས་བཞེས་པའི་བཀའ་བཞིན༌དུ། །ཉིད་ཀྱི་བྱམས་བརྩེས་བདག་ལ་སེམས་གསོ༌གནོངས།། 77 ཁྱེད་ཀྱི་བཀའ་ཁྲིམས་ལ་ནི་ང་དགའ༌བས། །ང་རང་འཚོ་ཕྱིར་སྙིང་རྗེ་གནང་བར༌ཤོག། 78 ང་རྒྱལ་ཅན་གྱིས་དོན་མེད་ང་ལ༌སྨད། །དེའི་ཕྱིར་ཁོ་རྣམས་ངོ་ཚར་སྦྱོར་བར༌ཤོག །འོན་ཀྱང་བདག་གིས་ཁྱེད་ཀྱི་བཀའ་སློབ༌བསྒོམ།། 79 ཁྱེད་ལ་གུས་† འདིར་གུས་ཞེས་པ་ནི་གུས་ཤིང་འཇིགས་པའི་དོན༌ཡིན།པ་ངའི་ཕྱོགས་འཁོར་བར༌ཤོག །དེ་ཚོས་ཁྱེད་ཀྱི་དཔང་ཡིག་ཤེས་པར༌འགྱུར།། 80 ང་རང་ངོ་ཚའི་གནས་སུ་མི་ལྷུང༌ཕྱིར། །སྒྲིག་ཁྲིམས་ཐད་ནས་ངའི་སེམས་སྐྱོན་བྲལ༌ཤོག །
༼ཀཱ༌ཕ།༽
81 ཁྱེད་ཀྱི་སྐྱབས་ལ་དུངས་ནས་བདག་སེམས༌རྒུད། །ཉིད་ཀྱི་བཀའ་ལ་སྔར་བཞིན་རེ་སྒུག༌བྱེད།། 82 ཁྱེད་ཀྱི་བཀའ་ལ་རེ་བས་མིག་ཀྱང༌རིབ། །ནམ་ཞིག་སེམས་གསོ་གནང་ཞེས་བདག་གིས༌ཞུ།། 83 ང་རང་དུད་གདུག་ཁྲོད་ཀྱི་རྐྱལ་བ་‡ འདིར་དུད་གདུག་ཁྲོད་ཀྱི་རྐྱལ་བ་ཞེས་པ་ནི་གལ་ཏེ་རྐྱལ་བ་ཞིག་དུ་བའི་ནང་བཀལ་བ་ཡིན་ན་རྐྱལ་བ་དེ་བསྐམས་ནས་གས་འགྲོ་བ༌དང༌། འདིར་རྩོམ་པ་པོས་རང་ཉིད་རྒས་ནས་ཕན་ཐོགས་མེད་པར་བསམས་པའི་ཚོར་བ་དེ་ལ༌འཇུག བཞིན། །ཡིན་ཡང་ཁྱེད་ཀྱི་སྒྲིག་ཁྲིམས་བརྗེད་མེད༌དོ།། 84 ཁྱེད་ཀྱི་ཞབས་ཕྱིར་ཉི་མ་ག་ཚོད་ཡོད། །ང་ལ་འཚེ་མཁན་དག་ལ་ཁྲིམས་ནམ༌གཅོད།། 85 ཁྱེད་ཀྱི་བཀའ་ཁྲིམས་ཚུལ་བཞིན་མི་བརྩི༌བའི། །ང་རྒྱལ་ཅན་གྱིས་ངའི་ཆེད་ས་དོང༌བྲུས།། 86 ཁྱེད་ཀྱི་བཀའ་ནི་ཁ་ཚང་བདེན་པ༌ལགས། །དེ་ཚོས་གཡོ་སྒྱུས་འཚེ་བས་སྐྱབས་མཛོད༌ཅིག། 87 ཅུང་ཟད་ཙམ་གྱིས་དེ་ཚོས་ང་ཚར༌བཅད། །ཡིན་ཡང་ཁྱེད་ཀྱི་བཀའ་སློབ་དོར་བ༌མིན།། 88 ཁྱེད་ཀྱི་བྱམས་བརྩེ་བཞིན་དུ་སྐྱབས་སུ༌གསོལ། །ཉིད་ཀྱི་ཞལ་ལས་འབྱུང་བའི་དཔང་ཡིག༌བསྲུང༌།།
༼ལཱ༌མེད།༽
89 ཡ་ཝཱེ་ཁྱེད་ཀྱི་བཀའ་ནི་རྟག་ཏུ༌གནས། །ནམ་མཁའི་དབྱིངས་སུ་འཇགས་པར་མཛད་ལགས༌སོ།། 90 ཁྱེད་ཀྱི་དྲང་བདེན་མི་རབས་ཀུན་ཏུ་གནས། །ས་གཞི་བརྟན་པོར་བཙུགས་པས་རྟག་ཏུ༌གནས།། 91 ཡོད་ཚད་ཁྱེད་ཀྱི་ཞབས་ཕྱི་ཡིན་པས༌ན། །ཉིད་ཀྱི་ཁྲིམས་བཞིན་གནམ་ས་ད་བར༌གནས།། 92 ཁྱེད་ཀྱི་བཀའ་ཁྲིམས་ལ་ནི་དགའ་མེད༌ཚེ། །སེམས་སྡུག་ནང་དུ་ང་རང་ཤི་བ༌ཡིན།། 93 བཀའ་སློབ་བརྒྱུད་ནས་ང་ཡི་སྲོག་བསྐྱབས༌པས། །ཁྱེད་ཀྱི་བཀའ་སློབ་ནམ་ཡང་བརྗེད་མི༌འགྱུར།། 94 ཁྱེད་ཀྱི་བཀའ་སློབ་བདག་གིས་བཙལ་བ༌དང༌། །ང་རང་ཁྱེད་ཀྱི་ཡིན་པས་སྐྱབས་སུ༌གསོལ།། 95 ང་རང་གསོད་ཕྱིར་ངན་པ་འཇབ་ན༌ཡང༌། །བདག་གིས་ཁྱེད་ཀྱི་དཔང་ཡིག་ཞིབ་ཏུ༌བསམ།། 96 ཕུལ་བྱུང་ཀུན་ལ་མཐའ་ཡོད་ངས་མཐོང༌མོད། །ཁྱེད་ཀྱི་བཀའ་ནི་ཤིན་ཏུ་མཐའ་ཡས༌སོ།།
༼མཱེམ།༽
97 ཁྱེད་ཀྱི་བཀའ་ཁྲིམས་ལ་ང་ཇི་འདྲ༌དགའ། །ཉིན་གང་མཚམས་མེད་བདག་གིས་དེ་ནི༌སྒོམ།། 98 ཁྱེད་ཀྱི་བཀའ་རྣམས་ངའི་ནང་གཏན་དུ༌གནས། །ང་རང་དགྲ་བོ་རྣམས་ལས་མཁས་པར༌མཛད།། 99 བདག་གིས་ཁྱེད་ཀྱི་དཔང་ཡིག་བསྒོམས་པས༌ན། །བདག་གི་སློབ་དཔོན་ཀུན་ལས་བདག་མཁས༌སོ།། 100 ང་ཡིས་ཁྱེད་ཀྱི་བཀའ་སློབ་བསྲུངས་པས༌ན། །བདག་གི་གོ་རྟོགས་རྒན་པ་ལས་ཀྱང༌ཟབ།། 101 བཀའ་བཞིན་སྤྱོད་ཕྱིར་རང་གི་རྐང་པ༌ནི། །ངན་པའི་ལམ་ནང་ཞུགས་པར་བཀག་པ༌ཡིན།། 102 ཁྱེད་ཀྱིས་ང་ལ་བསླབ་བྱ་གནང་བས༌ན། །ཁྲིམས་སྲོལ་རྣམས་ལས་ང་རང་འཁྱོར་བ༌མེད།། 103 ཁྱེད་ཀྱི་བཀའ་རྣམས་བདག་ལ་མངར་མོ༌ཡིན། །ཁ་ལ་སྦྲང་རྩི་ལས་ཀྱང་མངར་མོ༌ཡིན།། 104 ཁྱེད་ཀྱི་གསུང་ལས་གོ་རྟོགས་རྙེད་པས༌ན། །རྫུན་གྱི་བགྲོད་ལམ་ཀུན་ལ་ང་རང༌སྡང༌།།
༼ནུན།༽
105 ཁྱེད་ཀྱི་བཀའ་ནི་མདུན་གྱི་སྒྲོན་མེ༌དང༌། །ང་ཡི་ལམ་གྱི་འོད་ཟེར་དེ་ཡང༌ཡིན།། 106 ཁྱེད་ཀྱི་བདེན་པའི་ཁྲིམས་སྲོལ་བསྲུང་བའི༌ཕྱིར། །བདག་གིས་མནའ་བསྐྱལ་དེའི་ནང་བརྟན་པོར༌གནས།། 107 ང་ནི་ཤིན་ཏུ་སྡུག་པས་ཀྱེ་ཡ༌ཝཱེ། །ཁྱེད་ཀྱི་བཀའ་བཞིན་ང་རང་སྐྱབས་སུ༌གསོལ།། 108 ཀྱེ་ཀྱེ་ཡ་ཝཱེ་བདག་གི་སྨྲ་སྒོ༌ཡི། །ཡིད་མོས་མཆོད་པ་ཐུགས་སུ་བཞེས་རོགས༌ཞུ། །ཉིད་ཀྱི་ཁྲིམས་སྲོལ་བདག་ལ་སློབ་པར༌མཛོད།། 109 ང་ཡི་ཚེ་སྲོག་རྟག་ཏུ་ཉེན་ཁར༌གནས། །ཡིན་ཡང་ཁྱེད་ཀྱི་བཀའ་ཁྲིམས་བརྗེད་མི༌སྲིད།། 110 ངན་པ་དག་གིས་ང་ལ་རྙི་བཙུགས༌ཀྱང༌། །ཁྱེད་ཀྱི་བཀའ་སློབ་ལས་ནི་འཁྱོར་བ༌མེད།། 111 བདག་སེམས་ཁྱེད་ཀྱི་དཔང་ཡིག་ལ་དགའ༌བས། །ང་ཡི་གཏན་གྱི་ནོར་སྐལ་དེ་ལགས༌སོ།། 112 བདག་སེམས་ཁྱེད་ཀྱི་སྒྲིག་ཁྲིམས་ཕྱོགས་འཁོར༌ནས། །འགྱུར་བ་མེད་པར་ནམ་རྒྱུན་བསྲུང་བར༌བྱ།།
༼སཱ་མེ༌ཀུ༽
113 བློ་གཉིས་ཅན་ལ་ང་རང་སྡང་བ༌དང༌། །ཁྱེད་ཀྱི་བཀའ་ཁྲིམས་ལ་ནི་ང་རང༌དགའ།། 114 ཁྱེད་ཉིད་བདག་གི་ཕུབ་དང་སྐྱབས་བཅོལ་ཡིན། །ང་ཡིས་ཁྱེད་ཀྱི་བཀའ་ལ་རེ་བ༌བསྐྱེད།། 115 ང་ཡིས་དཀོན་མཆོག་བཀའ་རྣམས་བསྲུང་ནུས༌ཕྱིར། །སྡིག་སྤྱོད་ཅན་རྣམས་ང་དང་འབྲལ་བར༌གྱིས།། 116 བཀའ་བཞིན་ང་རང་བསྐྱོར་ནས་འཚོ་བར༌མཛོད། །བདག་གི་རེ་བ་ངོ་ཚར་མི་སྦྱར༌རོགས།། 117 ང་རང་བསྐྱོར་དང་བདག་ནི་ཐར་ངེས༌ཤིང༌། །དུས་རྒྱུན་ཁྱེད་ཀྱི་སྒྲིག་ཁྲིམས་གཙིགས་སུ༌འཛིན།། 118 སྒྲིག་ཁྲིམས་ལས་ནི་གྱར་ཀུན་ཁྱེད་ཀྱིས༌འདོར། །དེ་ཚོའི་གཡོ་སྒྱུ་དོན་མེད་ཡིན་པས༌སོ།། 119 ས་སྟེང་མི་ངན་ཐམས་ཅད་སྙིགས་རོ༌བཞིན། །འདོར་བས་ཁྱེད་ཀྱི་དཔང་ཡིག་ལ་དགའ༌འོ།། 120 ཁྱེད་ལ་འཇིགས་པས་ང་ཡི་ལུས་ཕུང༌འདར། །ཁྱེད་ཀྱི་ཁྲིམས་གཅོད་ལ་ཡང་ང་འཇིགས༌སོ།།
༼ཨཱེ་ཡན།༽
121 དྲང་བདེན་དྲང་གཞག་བདག་གིས་སྤྱད་པས༌ན། །གཉའ་གནོན་བྱེད་མཁན་ལག་ཏུ་ང་མ༌སྤྲོད།། 122 ཁྱེད་ཀྱི་ཞབས་ཕྱིར་ཕན་ཕྱིར་ཁག་ཐེག༌མཛོད། །ང་རྒྱལ་ཅན་ལ་གཉའ་གནོན་བྱེད་མ༌འཇུག། 123 ཁྱེད་ཀྱི་སྐྱབས་དང་དྲང་བདེན་བཀའ་ལ༌ནི། །རེ་ལྟོས་བཅངས་ནས་བདག་གི་མིག་དབང༌ཉམས།། 124 ཁྱེད་ཀྱི་བྱམས་བརྩེའི་ངང་ནས་ཞབས་ཕྱིར༌གཟིགས། །ཉིད་ཀྱི་སྒྲིག་ཁྲིམས་བདག་ལ་སློབ་པར༌མཛོད།། 125 ཁྱེད་ཀྱི་དཔང་ཡིག་བདག་གིས་རྟོགས་པའི༌ཕྱིར། །ཉིད་ཀྱི་ཞབས་ཕྱིར་གོ་རྟོགས་གནང་བར༌མཛོད།། 126 མི་རྣམས་ཁྱེད་ཀྱི་བཀའ་ཁྲིམས་དང་འགལ་བས། །ཡ་ཝཱེས་འཕྲིན་ལས་མཛད་པའི་དུས་ལ༌བབས།། 127 དེའི་ཕྱིར་གསེར་དང་བཙོ་མའི་གསེར་ལས༌ཀྱང༌། །ང་རང་ཁྱེད་ཀྱི་བཀའ་ལ་ལྷག་ཏུ༌དགའ།། 128 བཀའ་སློབ་ཐམས་ཅད་བདག་གིས་བདེན་པར༌འཛིན། །ལོག་ལམ་ཀུན་ལ་ང་རང་གཞི་ནས༌སྡང༌།།
༼ཕཱེ།༽
129 ཁྱེད་ཀྱི་དཔང་ཡིག་དག་ནི་ངོ་མཚར༌ཆེ། །དེའི་ཕྱིར་བདག་གིས་རྩེ་གཅིག་གིས་སྲུང༌ངོ༌།། 130 ཁྱེད་ཀྱི་བཀའ་རྣམས་གྲོལ་ན་འོད་འཕྲོ་ཞིང༌། །བླུན་རྨོངས་རྣམས་ཀྱི་བློ་སྒོ་འབྱེད་པ༌ཡིན།། 131 ང་རང་ཁྱེད་ཀྱི་བཀའ་ལ་རབ་དུངས༌པས། །བདག་གིས་ཁ་ཆེར་གདངས་བར་དབུགས་འཚངས༌སྐྱེས།། 132 ཁྱེད་ཀྱི་མཚན་ལ་དགའ་བར་ཅི་བྱས༌བཞིན། །ཁྱེད་ཉིད་ངའི་ཕྱོགས་འཁོར་ནས་སྙིང་རྗེ༌མཛོད།། 133 ཁྱེད་ཀྱི་བཀའ་ཡིས་བདག་གི་ལམ་སྣ༌དྲོངས། །སྡིག་པའི་དབང་དུ་ཚུད་པར་མི་མཛད༌རོགས།། 134 མི་ཡི་གཉའ་གནོན་འོག་ནས་བསྒྲལ་བར༌མཛོད། །བདག་གིས་ཉིད་ཀྱི་བཀའ་སློབ་བརྩི་བར༌བྱ།། 135 ཞབས་ཕྱིར་ཞལ་གྱི་འོད་མདངས་སྣང་བར༌མཛོད། །ཉིད་ཀྱི་སྒྲིག་ཁྲིམས་ང་ལ་སློབ་པར༌མཛོད།། 136 ཁོ་ཚོས་ཁྱེད་ཀྱི་བཀའ་ཁྲིམས་མི་སྲུང༌བས། །བདག་གི་མིག་ལས་མཆི་མའི་གཙང་པོ༌རྒྱུག།
༼ཚ༌དཱེ།༽
137 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཉིད་དྲང་བདེན༌ལགས། །ཁྱེད་ཀྱི་ཁྲིམས་གཅོད་ཀྱང་ནི་དྲང་གཞག༌ཡིན།། 138 དྲང་པོ་དང་ནི་བདེན་པ་བདེན་རྐྱང༌གིས། །ཉིད་ཀྱི་དཔང་ཡིག་མཐའ་དག་གཏན་ལ༌ཕབ།། 139 བདག་གི་དགྲ་བོས་ཁྱེད་ཀྱི་བཀའ་བརྗེད༌པས། །ངའི་སེམས་འཚུབ་ནས་མེ་ལྕེ་འབར་དང༌མཚུངས།། 140 ཁྱེད་ཀྱི་བཀའ་ནི་རབ་ཏུ་གཙང་བས༌ན། །ཞབས་ཕྱི་ང་རང་དེ་ལ་ཤིན་ཏུ༌དགའ།། 141 ང་ནི་སྨད་ཅིང་ཐ་ཤལ་ཡིན་ན༌ཡང༌། །ཁྱེད་ཀྱི་བཀའ་སློབ་བདག་གིས་བརྗེད་མེད༌ཡིན།། 142 ཁྱེད་ཀྱི་དྲང་བདེན་རྒྱུན་ནས་རྒྱུན་དུ༌གནས། །ཉིད་ཀྱི་བཀའ་ཁྲིམས་ཐམས་ཅད་བདེན་པ༌ལགས།། 143 དཀའ་ངལ་ཟུག་གཟེར་བདག་ལ་ཐེབས་གྱུར༌ཀྱང༌། །ཁྱེད་ཀྱི་བཀའ་ལ་བདག་སེམས་དགའ་བ༌ཡིན།། 144 ཁྱེད་ཀྱི་དཔང་ཡིག་རྟག་ཏུ་དྲང་བདེན༌ཡིན། །གོ་རྟོགས་གནོངས་དང་ང་རང་འཚོ་བྱེད༌དོ།།
༼ཀཱོ༌ཕ།༽
145 ཀྱེ་ཀྱེ་ཡ་ཝཱེ་བདག་གིས་སེམས་ཧྲིལ༌པོས། །ཁྱེད་རང་འབོད་པས་བདག་ལ་བཀའ་ལན༌གནོངས། །ང་ཡིས་ཁྱེད་ཀྱི་སྒྲིག་ཁྲིམས་བསྲུང་ངེས༌ཡིན།། 146 ཁྱེད་ལ་འོ་དོད་འབོད་པས་སྐྱབས་སུ༌གསོལ། །ཁྱེད་ཀྱི་དཔང་ཡིག་བདག་གིས་ནན་གྱིས༌བསྲུང༌།། 147 ཐོ་རངས་སྔོན་དུ་ཁྱེད་ལ་འོ་དོད༌འབོད། །ཁྱེད་ཀྱི་བཀའ་ལ་བདག་གིས་རེ་བ༌བཅོལ།། 148 ཁྱེད་ཀྱི་བཀའ་རྣམས་ཡིད་དུ་བསྒོམ་པའི༌ཆེད། །བདག་གིས་མཚན་གང་མིག་ཟུང་བཙུམས་པ༌མེད།། 149 ཀྱེ་ཀྱེ་ཡ་ཝཱེ་ཉིད་ཀྱི་བྱམས་བརྩེ༌བཞིན། །ཁྱེད་ཀྱིས་ང་ཡི་སྐད་ལ་གསན་པར༌མཛོད། །ཁྲིམས་སྲོལ་དང་བསྟུན་ང་རང་འཚོ་བར༌མཛོད།། 150 གཡོ་སྒྱུ་སྙེག་པའི་མི་རྣམས་ཉེ་བར༌སླེབས། །ཁྱེད་ཀྱི་བཀའ་ཁྲིམས་ལས་ནི་རྒྱང་རིང༌གནས།། 151 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཉིད་ཉེ་བར༌བཞུགས། །ཁྱེད་ཀྱི་བཀའ་ནི་ཐམས་ཅད་བློས་ཐུབ༌ཡིན།། 152 ཁྱེད་ཀྱི་དཔང་ཡིག་རྣམས་ལས་སྔར་ནས༌རྟོགས། །ཁྱེད་ཀྱིས་དེ་རྣམས་གཏན་དུ་ཚུགས་ཕྱིར༌བཙུགས།།
༼རཱེ༌ཧྲུ།༽
153 བདག་གིས་ཁྱེད་ཀྱི་བཀའ་ཁྲིམས་མ་བརྗེད༌པས། །ང་ཡི་སྡུག་བསྔལ་གཟིགས་ནས་སྐྱོབ་པར༌མཛོད།། 154 ང་ལ་དག་འབུད་བྱས་ནས་ཐར་བར༌མཛོད། །ཁྱེད་ཀྱི་བཀའ་བཞིན་ང་རང་འཚོ་བར༌མཛོད།། 155 ངན་པས་ཁྱེད་ཀྱི་སྒྲིག་ཁྲིམས་མི་འཚོལ༌བས། །ཐར་པ་དེ་ཚོར་ཤིན་ཏུ་རྒྱང་རིང༌ངོ༌།། 156 ཡ་ཝཱེ་ཁྱེད་ཀྱི་སྙིང་རྗེ་ཆེན་པོ༌ཡིན། །ཉིད་ཀྱི་ཁྲིམས་སྲོལ་བཞིན་དུ་ངའི་སྲོག༌སྐྱོབ།། 157 ང་ལ་འཚེ་ཞིང་རྒོལ་མཁན་མང་ན༌ཡང༌། །ང་རང་ཁྱེད་ཀྱི་དཔང་ཡིག་ལས་མ༌འཁྱར།། 158 གཡོ་སྒྱུ་ཅན་གྱིས་ཁྱེད་ཀྱི་བཀའ་མི༌བརྩི། །དེའི་ཕྱིར་ཁོ་རྣམས་མཐོང་དུས་སུན་སྣང༌སྐྱེས།། 159 ཀྱེ་ཀྱེ་ཡ་ཝཱེ་ང་རང་ཁྱེད་ཉིད༌ཀྱི། །བཀའ་ལ་ཅི་ཙམ་དགའ་ཚོད་གཟིགས་སུ༌གསོལ། །ཉིད་ཀྱི་བྱམས་བརྩེ་བཞིན་དུ་ངའི་སྲོག༌སྐྱོབ།། 160 ཁྱེད་ཀྱི་གསུང་གི་སྙིང་པོ་བདེན་པ༌ལགས། །དྲང་བའི་ཁྲིམས་སྲོལ་ཐམས་ཅད་རྟག་ཏུ༌གནས།།
༼སིན།༽
161 སྐུ་དྲག་རྣམས་ཀྱིས་དོན་མེད་བདག་ལ༌འཚེ། །ཡིན་ཡང་བདག་སེམས་ཁྱེད་ཀྱི་བཀའ་ལ༌འཇིགས།། 162 ང་རང་ཁྱེད་ཀྱི་བཀའ་ནང་དགའ་བ༌ནི། །བཅོམ་ནོར་དཔག་མེད་ཐོབ་པའི་མི་དང༌མཚུངས།། 163 རྫུན་ལ་ང་རང་སྡང་ཞིང་ཞེན་ལོག༌ཀྱང༌། །ཁྱེད་ཀྱི་བཀའ་ཁྲིམས་ལ་ནི་ང་དགའ༌འོ།། 164 ཁྱེད་ཀྱི་དྲང་བདེན་ཁྲིམས་སྲོལ་རྣམས་ཀྱི༌ཕྱིར། །ཉིན་རེར་ལན་བདུན་ཁྱེད་ལ་བསྟོད་བསྔགས༌འབུལ།། 165 བཀའ་ཁྲིམས་རྣམས་ལ་དགའ་བར་ཞི་བདེ༌ཆེ། །དེ་དག་བསྒྱེལ་ནུས་གང་ཡང་ཡོད་མ༌ཡིན།། 166 བདག་གིས་ཡ་ཝཱེ་ཁྱེད་ཀྱི་སྐྱབས་ལ༌རེ། །ཁྱེད་ཀྱི་བཀའ་རྣམས་བཞིན་དུ་སྒྲུབ་པ༌ཡིན།། 167 ཁྱེད་ཀྱི་དཔང་ཡིག་ང་ཡི་སེམས་ནས༌སྲུང༌། །དེ་ལ་ང་རང་ཤིན་ཏུ་དགའ་བ༌ཡིན།། 168 བདག་གི་ལམ་རྣམས་ཁྱེད་ཀྱིས་མཁྱེན་པས༌ན། །ང་ཡིས་ཁྱེད་ཀྱི་བཀའ་སློབ་དཔང་ཡིག༌སྲུང༌།།
༼ཐཱ་ཝུ།༽
169 འོ་དོད་ཡ་ཝཱེ་ཁྱེད་དྲུང་བསླེབ་གྱུར༌ཅིག །ཉིད་ཀྱི་བཀའ་བཞིན་ང་ལ་གོ་རྟོགས༌སྩོལ།། 170 ཞུ་འབོད་ཁྱེད་ཀྱི་དྲུང་དུ་བསླེབ་གྱུར༌ཅིག །ཉིད་ཀྱི་བཀའ་བཞིན་ང་རང་སྐྱོབ་པར༌མཛོད།། 171 ཁྱེད་ཀྱིས་སྒྲིག་ཁྲིམས་བདག་ལ་བསླབ་པས༌ན། །བདག་གི་མཆུ་ལས་བསྟོད་བསྔགས་འབྱུང་བར༌ཤོག། 172 ཁྱེད་ཀྱི་བཀའ་ནི་ཐམས་ཅད་དྲང་བས༌ན། །ངའི་ལྕེས་བཀའ་ཡི་མགུར་གླུ་ལེན་པར༌ཤོག། 173 བདག་གིས་ཁྱེད་ཀྱི་བཀའ་སློབ་བདམས་པས༌ན། །ཁྱེད་ཀྱི་ཕྱག་གིས་རོགས་རམ་མཛད་པར༌ཤོག། 174 ཡ་ཝཱེ་ང་རང་ཁྱེད་ཀྱི་སྐྱབས་ལ༌དུངས། །ཁྱེད་ཀྱི་བཀའ་ཁྲིམས་ལ་ནི་ང་རང༌དགའ།། 175 ཁྱེད་ལ་བསྟོད་ཕྱིར་ངའི་སྲོག་འཚོ་བར༌ཤོག །ཁྲིམས་སྲོལ་རྣམས་ཀྱིས་ང་རང་སྐྱོར་བར༌ཤོག། 176 ཁྱེད་ཀྱི་བཀའ་རྣམས་བདག་གིས་མ་བརྗེད༌པས། །ང་རང་སྟོར་བའི་ལུག་ལྟར་གྱར་ན༌ཡང༌། །ཁྱེད་ཀྱིས་ཞབས་ཕྱི་ང་རང་འཚོལ་བར༌མཛོད།།
*^ ཨ་ལེ་ཕཱ་ཞེས་པ་ནི་ཨིབ་རི་པའི་སྐད་ཡིག་གི་གསལ་བྱེད་ཡི་གེ་སྒྲ་བསྒྱུར་བྱས་པ༌ཡིན། མ་ཕྱི་ལས་གསུང་མགུར་འདིའི་ཚིག་རྐང་རེ་རེའི་མགོ་ལ་ཨིབ་རི་པའི་གསལ་བྱེད་ཡི་གེ་རྣམས་གོ་རིམ་ལྟར་བསྒྲིགས་ཡོད། གཤམ་གསལ་ཚན་པ་རེ་རེའི་ཁ་བྱང་དག་གིས་ཁོ་ཚོའི་སྙན་ངག་འབྲི་སྲོལ་འདིའི་རྟགས་མཚོན་ཡོད་དེ། དཔེར་ན་སྒྲ་སྒྱུར་བྱས་པའི་ཐ་སྙད་པེ་ཐ༌དང༌། གྷི་མེལ་ཞེས་པ་ལྟ་བུ༌ཡིན།
†གསུང་མགུར་བརྒྱ་དང་བཅུ་དགུ༌པ།:79 འདིར་གུས་ཞེས་པ་ནི་གུས་ཤིང་འཇིགས་པའི་དོན༌ཡིན།
‡གསུང་མགུར་བརྒྱ་དང་བཅུ་དགུ༌པ།:83 འདིར་དུད་གདུག་ཁྲོད་ཀྱི་རྐྱལ་བ་ཞེས་པ་ནི་གལ་ཏེ་རྐྱལ་བ་ཞིག་དུ་བའི་ནང་བཀལ་བ་ཡིན་ན་རྐྱལ་བ་དེ་བསྐམས་ནས་གས་འགྲོ་བ༌དང༌། འདིར་རྩོམ་པ་པོས་རང་ཉིད་རྒས་ནས་ཕན་ཐོགས་མེད་པར་བསམས་པའི་ཚོར་བ་དེ་ལ༌འཇུག