ལེའུ་གསུམ་པ།
སཱར་དི་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག
1 ཡང་ཁོང་གིས་འདི་སྐད་དུ། ཁྱོད་ཀྱིས་སཱར་དིའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འཕྲིན་ཡིག་བྲིས་ཏེ་འདི་ལྟར་སྨྲ་བར་བྱའོ།། དཀོན་མཆོག་གི་ཐུགས་ཉིད་བདུན་དང་སྐར་མ་བདུན་ཡོད་པ་དེ་ཉིད་ཀྱིས་འདི་སྐད་དུ། ངས་ཁྱོད་ཀྱི་སྤྱོད་ལམ་ཤེས་ཏེ། མིང་གི་ཆ་ནས་ཁྱོད་ནི་གསོན་པོ་ཡིན་ཡང་དོན་གྱིས་ཁྱོད་ནི་ཤི་ཟིན་ཏོ།། 2 ཁྱོད་ཀྱིས་དོགས་ཟོན་གྱིས་ཏེ། ཉམས་པར་འགྱུར་ལ་ཉེ་བའི་དོན་དག་ལྷག་ལུས་རྣམས་བརྟན་པར་བྱའོ།། ཅིའི་ཕྱིར་ཞེ་ན། ངའི་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཀྱི་སྤྱོད་ལམ་ལས་ཡོངས་སུ་རྫོགས་པ་བདག་གིས་མ་མཐོང་བས་སོ།། 3 དེའི་ཕྱིར། ཁྱོད་ཀྱིས་ཇི་ལྟར་དང་དུ་བླངས་ཤིང་ཇི་ལྟར་ཐོས་པ་བཅས་ནི་ཕྱིར་དྲན་བྱས་ནས་བསྲུང་དགོས་པར་མ་ཟད། འགྱོད་བཤགས་བྱེད་པར་བྱའོ།། གལ་ཏེ་ཁྱོད་ཀྱིས་དོགས་ཟོན་མ་བྱས་ན། བདག་ནི་རྐུན་པོ་གློ་བུར་སླེབས་པ་ལྟར་ཁྱོད་ཀྱི་གམ་དུ་ཡོང་ངེས་ཤིང་། བདག་ནི་དུས་ནམ་ཞིག་ལ་ཡོང་བ་ཁྱོད་ཀྱིས་གཏན་ནས་ཤེས་མི་སྲིད་དོ།།
4 འོན་ཀྱང་། ཁྱོད་ལ་སཱར་དི་རུ་ད་དུང་རང་གི་གྱོན་གོས་བཙོག་པར་མ་བཟོས་པའི་མི་འགའ་ཡོད་ལ། ཁོ་རྣམས་ཀྱིས་གོས་དཀར་པོ་གྱོན་ནས་བདག་དང་མཉམ་དུ་བསྐྱོད་པར་ངེས། རྒྱུ་མཚན་ནི་དེ་དག་འོས་ཤིང་འཚམ་པའོ།། 5 རྒྱལ་ཁ་ལེན་མཁན་རྣམས་ཀྱིས་དེ་ལྟར་གོས་དཀར་པོ་གྱོན་པར་འགྱུར་ཞིང་། བདག་གིས་ཀྱང་ཚེ་སྲོག་གི་གླེགས་བམ་ལས་དེ་རྣམས་ཀྱི་མིང་གསུབ་པར་མི་བྱེད་ལ། བདག་གི་ཡབ་དང་ཁོང་གི་ཕོ་ཉའི་ཚོགས་ཀྱི་སྤྱན་དྲུང་དུ། མི་དེའི་མིང་ཡང་ཁས་ལེན་པར་འགྱུར་རོ།། 6 རྣ་བ་ཡོད་པ་ཐམས་ཅད་ཀྱིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཡོངས་ལ་གསུངས་པའི་བཀའ་ལ་མཉན་པར་བྱའོ་ཞེས་གསུངས་སོ།།
ཕི་ལཱ་དེལ་ཕི་ཨ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག
7 ཡང་ཁོང་གིས་འདི་སྐད་དུ། ཁྱོད་ཀྱིས་ཕི་ལཱ་དེལ་ཕི་ཨའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འཕྲིན་ཡིག་བྲིས་ཏེ་འདི་ལྟར་སྨྲ་བར་བྱའོ།། དམ་པ་དང་། བདེན་པ། དཱ་བིད་ཀྱི་ལྡེ་མིག་ཕྱག་ཏུ་ཐོགས་པ། ཕྱེ་བར་མཛད་ན་རྒྱག་ཐུབ་མཁན་མེད་པ། བརྒྱབ་པར་མཛད་ན་འབྱེད་ཐུབ་མཁན་མེད་པ་དེ་ཉིད་ཀྱིས་འདི་སྐད་དུ། 8 ཁྱོད་ཀྱིས་བྱས་པའི་ལས་བདག་གིས་ཤེས་སོ།། ལྟོས་དང་། ཁྱོད་ལ་སྟོབས་ཤུགས་ཉུང་ཙམ་ལས་མེད་ནའང་། ཁྱོད་ཀྱིས་བདག་གི་བཀའ་བརྩིས་པ་དང་། བདག་གི་མིང་ཡང་ཁས་བླངས་པས། བདག་གིས་ཁྱོད་ཀྱི་མདུན་དུ་སྒོ་ཕྱེས་པ་ཞིག་གནང་སྟེ། སྒོ་དེ་ནི་སུས་ཀྱང་རྒྱག་མི་ནུས་སོ།། 9 ལྟོས་དང་། བདུད་སཱ་ཏན་གྱི་ཚོགས་ཁག་ལ་གཏོགས་པ་རྣམས་ཀྱིས་རང་ཉིད་ནི་ཡ་ཧུ་དཱ་པ་ཡིན་ཟེར་ཡང་། དོན་དམ་དུ་ཡ་ཧུ་དཱ་པ་མ་ཡིན་པར་རྫུན་སྨྲ་མཁན་ཡིན། ངས་ཁོ་རྣམས་ཁྱོད་ཀྱི་ཞབས་དྲུང་དུ་ཡོང་ནས་ཕྱག་འཚལ་བ་དང་། བདག་གིས་ཁྱོད་ལ་གཅེས་པ་ནི་ཁོ་རྣམས་ལ་ཤེས་སུ་འཇུག་པར་ངེས། 10 ཁྱོད་ཀྱིས་བདག་གི་བཟོད་བསྲན་དགོས་པའི་བཀའ་བསྲུངས་པས། འཇིག་རྟེན་ཡོངས་སུ་ཚོད་བརྟག་དང་འཕྲད་པའི་དུས་ཏེ། ས་སྟེང་དུ་གནས་པའི་མི་རྣམས་ལ་ཚོད་བརྟག་ཐེབས་པའི་དོན་དེ་ལས་བདག་གིས་ཁྱོད་རང་བསྲུང་བར་འགྱུར་རོ།།
11 བདག་ནི་མྱུར་བ་མྱུར་དུ་ཡོང་ངེས་ལ། ཁྱོད་ཀྱི་ཅོད་པན་མི་གཞན་གྱིས་མི་འཕྲོག་པའི་ཕྱིར། ཁྱོད་ཀྱིས་རང་ལ་ཅི་ཡོད་པ་ཐམས་ཅད་བརྟན་པོར་བསྲུང་དགོས་སོ།། 12 བདག་གིས་རྒྱལ་ཁ་ལེན་མཁན་གང་ཞིག་ནི་ངའི་དཀོན་མཆོག་གི་མཆོད་ཁང་དུ་ཀ་བར་བསྐོ་བ་དང་། ཁོ་རང་ནམ་ཡང་དེ་ནས་ཕྱིར་འགྲོ་བར་མི་བྱའོ།། ཡང་ངས་རང་ཉིད་ཀྱི་དཀོན་མཆོག་གི་མཚན་དང་། ངའི་དཀོན་མཆོག་གི་གྲོང་ཁྱེར་གྱི་མིང་སྟེ། ནམ་མཁའི་ཞིང་ཁམས་དང་ངའི་དཀོན་མཆོག་ལས་མར་འབབ་པའི་ཡེ་རུ་སཱ་ལེམ་གསར་པ། བདག་གི་མིང་གསར་པ་བཅས་ནི་མི་དེའི་ལུས་སྟེང་དུ་འབྲི་བར་འགྱུར་རོ།། 13 རྣ་བ་ཡོད་པ་ཐམས་ཅད་ཀྱིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཡོངས་ལ་གསུངས་པའི་བཀའ་ལ་མཉན་པར་བྱའོ་ཞེས་གསུངས་སོ།།
ལའོ་དི་ཀེ་ཡཱ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག
14 ཡང་ཁོང་གིས་འདི་སྐད་དུ། ཁྱོད་ཀྱིས་ལའོ་དི་ཀེ་ཡཱའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འཕྲིན་ཡིག་བྲིས་ཏེ་འདི་ལྟར་སྨྲ་བར་བྱའོ།། ཨ་མེན་ཞེས་འབོད་ཅིང་། ཡིད་རྟོན་རུང་ཞིང་དྲང་བདེན་གྱི་དཔང་པོ། དཀོན་མཆོག་གིས་བསྐྲུན་པའི་དངོས་པོ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པ་དེ་ཉིད་ཀྱིས་འདི་སྐད་དུ། 15 ཁྱོད་ཀྱིས་བྱས་པའི་ལས་བདག་གིས་ཤེས་ཏེ། ཁྱོད་ནི་གྲང་བ་མིན་ལ་ཚ་བའང་མིན། ངས་ཁྱོད་ནི་གྲང་བའམ་ཡང་ན་ཚ་བ་ཡིན་ན་ཅི་མ་རུང་སྙམ། 16 ཁྱོད་ནི་ཆུ་དྲོད་འཇམ་ཞིག་དང་འདྲ་སྟེ། གྲང་བ་མ་ཡིན་ལ་ཚ་བའང་མིན་པས། བདག་གིས་རང་གི་ཁ་ནས་ཁྱོད་རང་བསྐྱུག་ངེས་ཡིན། 17 ཁྱོད་ན་རེ། ང་ནི་ཕྱུག་ཅིང་རྒྱུ་ནོར་འཛོམས་པས་ཅི་ཡང་མི་མཁོ་ཞེས་ཟེར་ཡང་། དོན་དམ་དུ་ཁྱོད་ནི་ཐ་ཤལ་བ་དང་། ཉམ་ང་བ། དབུལ་ཕོངས། ལོང་བ། གཅེར་བུ་བཅས་ཡིན་པ་ཁྱོད་ཀྱིས་མི་ཤེས་སོ།། 18 བདག་གིས་ཁྱོད་ལ་བློ་འདོན་པར་བྱ་སྟེ། ཁྱོད་ནི་ཕྱུག་པོར་འགྱུར་བའི་ཕྱིར། བདག་ལས་མེས་བཙོ་སྦྱང་བྱས་པའི་གསེར་ཉོ་བར་གྱིས། ཡང་ཁྱོད་ཀྱི་ལུས་པོ་གཅེར་བུ་ཡིན་པའི་ངོ་ཚ་དེ་མི་མངོན་པའི་ཕྱིར། གོས་དཀར་པོ་ཉོས་ནས་གྱོན་ཞིག ཡང་ཁྱོད་ཀྱི་མིག་གིས་མཐོང་བའི་ཕྱིར། མིག་སྨན་ཉོས་ནས་མིག་ལ་བྱུག་པར་བྱའོ།།
19 བདག་གིས་གཅེས་སུ་འཛིན་པ་རྣམས་ལ་གཤེ་གཤེ་གཏོང་ཞིང་བསླབ་བྱ་གནང་བ་ཡིན་པས། ཁྱོད་ཀྱིས་ངར་ཤུགས་བསྐྱེད་པ་དང་འགྱོད་བཤགས་ཀྱང་བྱེད་དགོས་སོ།། 20 ལྟོས་དང་། བདག་ནི་སྒོ་ཁར་འགྲེང་ཞིང་སྒོ་རྡུང་བཞིན་ཡོད། གལ་ཏེ། སུ་ཞིག་གིས་ངའི་སྐད་ཐོས་པ་དང་སྒོ་ཕྱེས་པ་ཡིན་ན། ང་རང་དེའི་ནང་དུ་ཞུགས་ཏེ་ཁོ་དང་མཉམ་དུ་ཁ་ཟས་ལ་རོལ་བར་བྱའོ།།
21 ངས་རྒྱལ་ཁ་ལེན་མཁན་རྣམས་རང་གི་བཞུགས་ཁྲིའི་སྟེང་ང་དང་མཉམ་དུ་སྡོད་པར་བྱའོ།། དེ་ནི་བདག་ལ་རྒྱལ་ཁ་ཐོབ་སྟེ་རང་གི་ཡབ་ཀྱི་བཞུགས་ཁྲིའི་སྟེང་ཁོང་དང་མཉམ་དུ་བསྡད་པ་བཞིན་ཡིན་ནོ།། 22 རྣ་བ་ཡོད་པ་ཐམས་ཅད་ཀྱིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཡོངས་ལ་གསུངས་པའི་བཀའ་ལ་མཉན་པར་བྱའོ་ཞེས་གསུངས་སོ།།