ལེའུ་བདུན་པ།
ནཱ་ཐན་གྱིས་རྒྱལ་པོར་ལུང་བསྟན་གནང་བ།
ཡང་དེའི་རྗེས་སུ་དཀོན་མཆོག་ཡ་ཝཱེས་ཕྱོགས་བཞིའི་དགྲ་རྣམས་ཀྱི་བཙན་འཛུལ་བཟློགས་ནས་རྒྱལ་པོ་ཉིད་ཀྱི་ཕོ་བྲང་དུ་ཞི་བར་སྡོད་པའི་ཚེ། རྒྱལ་པོས་ལུང་སྟོན་པ་ནཱ་ཐན་ལ། ལྟོས་དང་། བདག་ནི་ཐང་ཤིང་གི་ཕོ་བྲང་ནང་དུ་སྡོད་པ་དང་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ནི་གུར་གྱི་ནང་དུ་མཆིས་སོ་ཞེས་སྨྲས་པ་ལ། ནཱ་ཐན་གྱིས་རྒྱལ་པོ་ལ། དཀོན་མཆོག་ཡ་ཝཱེ་ཁྱེད་དང་མཉམ་དུ་བཞུགས་པས་ཁྱེད་ཀྱི་ཐུགས་དགོངས་བཞིན་བྱོས་ཤིག་ཅེས་སྨྲས་སོ། ། དེའི་མཚན་མོར་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ནཱ་ཐན་ལ་བྱུང་ནས་འདི་སྐད་དུ། ཁྱོད་སོང་ནས་བདག་གི་ཞབས་ཕྱི་དཱ་བིད་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་བདག་གནས་སའི་མཆོད་ཁང་ཞིག་བཞེངས་པར་འདོད་དམ། ངས་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཡར་ཁྲིད་པའི་ཉིན་ནས་བཟུང་དེ་རིང་གི་བར་དུ། བདག་ནི་མཆོད་ཁང་དུ་གནས་པ་མ་མྱོང་སྟེ། གུར་མཆོག་གཅིག་ནས་གུར་མཆོག་གཞན་ཞིག་ཏུ་སྤར་ནས་གནས་པ་ཡིན། ཡེས་ར་ཨེལ་པ་རྣམས་ཡུལ་གང་དུ་ཕྱིན་ནའང་། བདག་གིས་སྔོན་ཆད་བདག་གི་འབངས་མི་སྐྱོང་བར་བྱོས་ཤིག་ཅེས་བཀའ་གནང་བའི་ཡེས་ར་ཨེལ་གྱི་ཚོ་པ་རྣམས་ཀྱི་འགོ་དཔོན་ * འགོ་དཔོན་ཞེས་པར་མ་ཕྱི་ལས་ཚོ་ཁག་ཅེས་བཀོད་ཡོད།སུ་ཞིག་ལ་ཁྱོད་ཅག་གིས་ངའི་དོན་དུ་ཐང་ཤིང་གི་མཆོད་ཁང་མི་བཞེང་བ་ཅི་ཡིན་ཞེས་སྨྲས་མྱོང་ངམ། དེའི་ཕྱིར་ཁྱོད་ཀྱིས་ངའི་ཞབས་ཕྱི་དཱ་བིད་ལ་འདི་སྐད་སྨྲ་དགོས་ཏེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རང་ལུག་ཁྱུ་འཚོ་སྐྱོང་གི་ལུག་ར་ནས་བླངས་ཏེ། བདག་གི་འབངས་མི་ཡེས་ར་ཨེལ་གྱི་མངའ་བདག་ཏུ་བསྐོས་ཤིང་། ཁྱོད་གང་དུ་སོང་ནའང་ང་རང་ཁྱོད་དང་མཉམ་དུ་གནས། ཡང་དགྲ་བོ་ཐམས་ཅད་ཁྱོད་ཀྱི་མདུན་ནས་རྩ་མེད་དུ་གཏོང་བ་ཡིན་ཏེ། འཇིག་རྟེན་གྱི་མི་སྙན་གྲགས་ཅན་རྣམས་བཞིན་དུ་ངས་ཁྱོད་ཀྱང་མིང་གྲགས་ཅན་དུ་བྱེད་ངེས་ཡིན། 10 བདག་གིས་རང་གི་འབངས་མི་ཡེས་ར་ཨེལ་གྱི་དོན་དུ་ཡུལ་ཞིག་བདམས་ནས་དེ་དག་དེར་འཇོག་པར་བྱ་སྟེ། དེ་དག་རང་གི་གནས་སུ་གཞིས་ཆགས་ཏེ་གཞན་གྱིས་དཀྲུག་པར་མི་འགྱུར་ཞིང་། མི་ངན་རྣམས་ཀྱིས་ཀྱང་སྔར་བྱས་བཞིན་དེ་དག་ལ་འཚེ་བར་མི་འགྱུར་ཏེ། 11 བདག་གིས་རང་གི་འབངས་མི་ཡེས་ར་ཨེལ་ལ་བདག་སྐྱོང་བྱེད་པའི་ཁྲིམས་དཔོན་རྣམས་བསྐོས་པའི་ཉིན་དང་འདྲ་བར་མི་འབྱུང་བ་ཡིན། ངས་ཁྱོད་ཀྱི་དགྲ་བོ་ཐམས་ཅད་ཀྱི་བཙན་འཛུལ་བཟློགས་ནས་ཞི་བར་སྡོད་དུ་འཇུག་གོ །དཀོན་མཆོག་ཡ་ཝཱེས་ཁྱོད་ལ་འདི་སྐད་བསྒྲགས་པ་སྟེ། དཀོན་མཆོག་ཡ་ཝཱེས་དངོས་སུ་ཁྱོད་ལ་ཁྱིམ་རྒྱུད་འཛུགས་པར་བྱའོ། ། 12 ཁྱོད་ཀྱི་ཚེ་ལོ་མཐར་ཕྱིན་ཏེ་རང་གི་ཕ་མེས་དང་ལྷན་ཅིག་གཉིད་དུ་ཡུར་བའི་ཚེ་ན། བདག་གིས་ཁྱོད་ལས་སྐྱེས་པའི་བུ་རྒྱུད་བསྐྱེད་ནས་ཁྱོད་ཀྱི་རྒྱུན་འཛིན་པར་མ་ཟད། དེའི་རྒྱལ་སྲིད་བརྟན་པར་བྱའོ། ། 13 ཡང་དེས་བདག་གི་མིང་གི་ཕྱིར་མཆོད་ཁང་ཞིག་བཞེང་བར་འགྱུར་ཞིང་། བདག་གིས་དེའི་རྒྱལ་ཁྲི་ཇི་སྲིད་བར་དུ་བརྟན་པར་བྱའོ། ། 14 བདག་ནི་ཁོ་ཡི་ཕ་དང་ཁོ་ནི་བདག་གི་བུ་རུ་འགྱུར་ཞིང་གལ་ཏེ་ཁོས་ཉེས་སྐྱོན་བཟོས་ན། ངས་མི་ཡི་ཁྲིམས་དབྱུག་དང་འཇིག་རྟེན་པའི་རྟ་ལྕག་གིས་ཁོ་ལ་ཡོ་བསྲང་བྱེད་དོ། ། 15 འོན་ཀྱང་ཁྱོད་ཀྱི་མདུན་ནས་བསྐྲད་པའི་སོ་ལོ་དང་བྲལ་བ་བཞིན་དུ་ངའི་བྱམས་བརྩེ་ནི་ནམ་ཡང་ཁོ་དང་མི་འབྲལ་ལོ། ། 16 ཡང་ཁྱོད་ཀྱི་ཁྱིམ་རྒྱུད་དང་རྒྱལ་སྲིད་དུས་རྒྱུན་དུ་བདག་ བདག་ཅེས་པར་མ་ཕྱི་ལས་ཁྱོད་ཅེས་བཀོད་ཡོད།གི་མདུན་དུ་བརྟན་པོར་ཚུགས་ཤིང་ཁྱོད་ཀྱི་རྒྱལ་ཁྲི་ནི་རྒྱུན་ནས་རྒྱུན་དུ་གཡོ་བར་མི་འགྱུར་ཞེས་གསུངས་སོ། ། 17 བཀའ་ལུང་དེ་ཐམས་ཅད་དང་ཅི་ལྟར་མངོན་པར་མཛད་པ་བཞིན་དུ་ནཱ་ཐན་གྱིས་དཱ་བིད་ལ་ཞུས་སོ། །
དཱ་བིད་ཀྱིས་སྨོན་ལམ་བཏབ་པ།
18 དེ་ནས་རྒྱལ་པོ་དཱ་བིད་ནང་དུ་སོང་སྟེ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་བསྡད་ནས་ཁོང་ལ། ཀྱེ་གཙོ་བོ་ཡ་ཝཱེ་ལགས། ཁྱེད་ཀྱིས་བདག་ཚད་འདི་ཙམ་གྱི་བར་དུ་ཁྲིད་པར་མཛད་པས། བདག་ནི་སུ་ཡིན་ནམ། བདག་གི་ཁྱིམ་རྒྱུད་ཅི་ལ་བརྩིའམ། 19 འདི་ཡང་ཁྱེད་ཀྱི་སྤྱན་སྔར་བྱ་བ་ཆུང་ངུ་ཞིག་ཡིན་ཏེ། ཀྱེ་གཙོ་བོ་ཡ་ཝཱེ་ལགས། ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱིའི་ཁྱིམ་རྒྱུད་ཀྱི་མ་འོངས་འབྱུང་འགྱུར་ཐད་ལ་བཀའ་ལུང་གནང་བའོ། །ཀྱེ་གཙོ་བོ་ཡ་ཝཱེ་ལགས། དེ་ནི་མི་རྣམས་དུས་རྒྱུན་འཕྲད་སྲིད་པའི་དོན་ཡིན་ནམ། 20 ཀྱེ་གཙོ་བོ་ཡ་ཝཱེ་ལགས། ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱི་ཅི་འདྲ་ཡིན་པ་མཁྱེན་པས་དཱ་བིད་བདག་ལ་ལྷག་པར་ཞུ་རྒྱུ་ཅི་ཞིག་ཡོད། 21 ཁྱེད་ཀྱིས་ཉིད་ཀྱི་ཞལ་བཞེས་ཀྱི་རྐྱེན་དང་ཐུགས་དགོངས་བཞིན་དོན་ཆེན་པོ་དེ་མཛད་ཅིང་། ཁྱེད་ཀྱི་ཞབས་ཕྱི་ལ་རྟོགས་སུ་འཇུག་པའི་ཕྱིར་ཡིན་ནོ། ། 22 ཀྱེ་གཙོ་བོ་ཡ་ཝཱེ་ལགས། དེའི་ཕྱིར་ཁྱེད་ནི་ཆེན་པོ་ལགས། ངེད་རྣམས་ཀྱི་རྣ་བས་ཐོས་པ་ལྟར་ན་ཁྱེད་དང་འདྲ་བ་གང་ཡང་མེད་དེ། ཁྱེད་མ་གཏོགས་དཀོན་མཆོག་གཞན་སུ་ཡང་མེད་དོ། ། 23 ས་གཞི་རུ་ཁྱེད་ཀྱི་འབངས་མི་ཡེས་ར་ཨེལ་དང་འདྲ་བའི་མི་རིགས་གཞན་གང་དུ་ཡོད། དེ་ནི་དཀོན་མཆོག་གིས་དངོས་སུ་བླུས་ཤིང་། དེ་རྣམས་ཁྱེད་ཀྱི་མི་རུ་མཛད་པ་དང་། ཁྱེད་ཉིད་ཀྱི་མཚན་གྱི་ཕྱིར་དེ་རྣམས་ལ་དོན་ཆེན་མཛད་ཅིང་། ཁྱེད་ཀྱི་ཡུལ་གྱི་ཕྱིར་འཇིགས་རུང་གི་དོན་རྣམས་མཛད་པ་ཡིན། ཁྱེད་ཀྱི་འབངས་མི་སྟེ་ཁྱེད་ཀྱིས་ཨེ་ཅིབ་ཡུལ་ནས་བླུས་པའི་མི་རྣམས་ཀྱི་མདུན་དུ། མི་རིགས་གཞན་རྣམས་དང་དེ་དག་གི་ལྷ་རྣམས་མཐར་བསྐྲད་དོ། ། 24 ཡང་ཁྱེད་ཀྱིས་ཉིད་ཀྱི་འབངས་མི་ཡེས་ར་ཨེལ་ནི་དུས་ནམ་ཡང་ཉིད་ཀྱི་འབངས་མི་རུ་བརྟན་པོར་བཞག་པ་ཡིན་ཞིང་། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས་ཁྱེད་ནི་དེ་དག་གི་དཀོན་མཆོག་ཏུ་གྱུར་ཏོ། ། 25 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ད་ནི་ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱི་དང་དེའི་ཁྱིམ་རྒྱུད་ལ་གནང་བའི་ཞལ་བཞེས་དེ་ནི་ཇི་སྲིད་བར་དུ་བརྟན་པོར་མཛད་ཅིང་། ཅི་གསུངས་བཞིན་དུ་བསྒྲུབ་པར་མཛོད་ཅིག 26 དེ་ནས་ཁྱེད་ཀྱི་མཚན་ནི་རྒྱུན་ནས་རྒྱུན་དུ་རབ་ཏུ་འཕགས་ཤིང་། མི་རྣམས་ཀྱིས་འདི་ལྟར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ནི་ཡེས་ར་ཨེལ་གྱི་དཀོན་མཆོག་ལགས་སོ་ཞེས་བརྗོད་པར་ཤོག དེ་ནས་ཁྱེད་ཀྱི་ཞབས་ཕྱི་དཱ་བིད་ཀྱི་ཁྱིམ་རྒྱུད་དེ་ཡང་ཁྱེད་ཀྱི་སྤྱན་སྔར་བརྟན་པོར་ཚུགས་ངེས་ཡིན། 27 ཀྱེ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ། ཡེས་ར་ཨེལ་གྱི་དཀོན་མཆོག་ལགས། ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱི་ལ། བདག་གིས་ཁྱོད་ལ་ཁྱིམ་རྒྱུད་འཛུགས་པར་བྱ་ཞེས་མངོན་པར་མཛད་པས། ཞབས་ཕྱི་བདག་ལ་ད་གཟོད་སེམས་ནས་འདི་བཞིན་གསོལ་བ་འདེབས་པའི་སྙིང་སྟོབས་ཡོད་པ་ཡིན། 28 ཀྱེ་གཙོ་བོ་ཡ་ཝཱེ་ལགས། ཁྱེད་ཁོ་ན་དཀོན་མཆོག་ཡིན་ལ། ཁྱེད་ཀྱི་གསུང་ཐམས་ཅད་བདེན་ཞིང་ཡིད་རྟོན་རུང་བ་ཡིན། ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱི་ལ་གཡང་འདི་དག་གནང་བའི་ཞལ་བཞེས་མཛད་པ་ཡིན། 29 ད་ལྟ་ཁྱེད་ཀྱིས་ཞབས་ཕྱིའི་ཁྱིམ་རྒྱུད་ལ་བྱིན་གྱིས་བརླབས་ནས། དོན་དེ་ནམ་ཡང་ཁྱེད་ཀྱི་མདུན་དུ་གནས་པར་མཛོད། ཀྱེ་གཙོ་བོ་ཡ་ཝཱེ་ལགས། ཁྱེད་ཀྱིས་སྔར་ཞལ་བཞེས་གནང་བ་བཞིན་ཞབས་ཕྱི་བདག་གི་ཁྱིམ་རྒྱུད་ལ་ཇི་སྲིད་བར་དུ་བྱིན་གྱིས་བརླབ་པར་སྨོན་ཞེས་གསོལ་ཏོ། །

*ལེའུ་བདུན་པ།:7 འགོ་དཔོན་ཞེས་པར་མ་ཕྱི་ལས་ཚོ་ཁག་ཅེས་བཀོད་ཡོད།

ལེའུ་བདུན་པ།:16 བདག་ཅེས་པར་མ་ཕྱི་ལས་ཁྱོད་ཅེས་བཀོད་ཡོད།