ལེའུ་བཅོ་བརྒྱད་པ།
ཨབ་ཤཱ་ལོམ་ཕམ་པར་གྱུར་པ།
1 དཱ་བིད་ཀྱིས་ཁོང་གི་རྗེས་སུ་འབྲངས་པའི་མི་ཚོགས་ཀྱི་གྲངས་ཀ་བླངས་ནས། དེ་རྣམས་ཀྱི་སྣེ་ཁྲིད་པར་སྟོང་དཔོན་དང་བརྒྱ་དཔོན་རྣམས་བསྐོས། 2 དཱ་བིད་ཀྱིས་མི་རྣམས་དམག་རྒྱག་ཏུ་མངགས་ཤིང་། སུམ་ཆའི་གཅིག་ཡོ་ཨབ་ཀྱི་ལག་ཏུ་བཏང་། སུམ་ཆའི་གཅིག་ཟེ་རུ་ཡཱ་ཡི་བུ་ཡོ་ཨབ་ཀྱི་ནུ་བོ་ཨ་བི་ཤཱ་ཨི་ཡི་ལག་ཏུ་བཏང་། སུམ་ཆའི་གཅིག་གཱད་པ་ཨིད་ཏ་ཨི་ཡི་ལག་ཏུ་བཏང་ནས། རྒྱལ་པོས་དམག་རྣམས་ལ། ང་ཡང་ཁྱོད་ཅག་དང་མཉམ་དུ་འཐབ་མོར་ཞུགས་ངེས་ཡིན་ཞེས་གསུངས་ཀྱང་། 3 དམག་རྣམས་ན་རེ། ཁྱེད་ནི་འཐབ་མོར་ཞུགས་མི་རུང་། གལ་ཏེ་ངེད་ཅག་བྲོས་ན་དགྲ་བོས་དོ་སྣང་བྱེད་མི་སྲིད་ལ། ཕྱེད་ཀ་གཡུལ་ངོར་ཤི་ནའང་དེ་དག་གིས་དོ་སྣང་བྱེད་མི་སྲིད། ཡིན་ན་ཡང་ད་ལྟ་ཁྱེད་ནི་བདག་ཅག་གི་མི་ཁྲི་ཚོ་གཅིག་དང་འདྲ་བས། ཁྱེད་ཉིད་གྲོང་ཁྱེར་དུ་བཞུགས་ནས་ངེད་རྣམས་ལ་དཔུང་གྲོགས་མཛད་ན་ལེགས་སོ་ཞེས་ཞུས་ཤིང་། 4 རྒྱལ་པོས་དེ་དག་ལ། ཁྱོད་ཅག་གིས་གང་ལེགས་པར་འདོད་ན་ངས་དེ་བཞིན་བྱའོ་ཞེས་གསུངས་ནས། རྒྱལ་པོ་མཁར་སྒོ་རུ་བཞེངས་བསྡད་ཅིང་། དམག་མི་རྣམས་བརྒྱ་ཕྲག་དང་སྟོང་ཕྲག་བྱས་ནས་རིམ་བཞིན་འཐབ་མོ་བྱེད་དུ་ཆས་སོ། ། 5 རྒྱལ་པོས་ཡོ་ཨབ་དང་། ཨ་བི་ཤཱ་ཨི་དང་། ཨིད་ཏ་ཨི་གསུམ་ལ་བཀའ་བཀོད་ཅིང་འདི་ལྟར། ཁྱོད་རྣམས་ཀྱིས་ངའི་ཁ་ངོར་བལྟས་ནས་གཞོན་ནུ་ཨབ་ཤཱ་ལོམ་ལ་གུ་ཡངས་ཐོངས་ཤིག་ཅེས་བསྒོས་པ་དང་། རྒྱལ་པོས་ཨབ་ཤཱ་ལོམ་གྱི་དོན་དུ་དམག་དཔོན་ཐམས་ཅད་ལ་བཀའ་གནང་བ་དེ་ནི་དམག་ཐམས་ཅད་ཀྱིས་ཐོས་པར་གྱུར། 6 དེ་ལྟར་དམག་རྣམས་ཐང་དུ་སོང་ནས་ཡེས་ར་ཨེལ་གྱི་གདོང་བསུས་ཏེ་ཨེ་ཕཱར་ཡིམ་གྱི་ནགས་ཚལ་དུ་འཐབ་མོ་བྱུང་ངོ་། ། 7 དེ་རུ་ཡེས་ར་ཨེལ་གྱི་མི་རྣམས་དཱ་བིད་ཀྱི་འཁོར་གཡོག་རྣམས་ཀྱི་མདུན་དུ་ཕམ་ནས། ཉིན་མོ་དེ་ལ་མི་མང་པོ་ཤི་བ་སྟེ་བསྡོམས་པས་མི་ཁྲི་གཉིས་ཡོད་དོ། ། 8 ཡང་དམག་འཐབ་ནི་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དང་། ཉིན་དེར་ནགས་ཚལ་གྱིས་བཀུམ་པའི་དམག་མི་ནི་རལ་གྲིས་བཀུམ་པ་ལས་ཀྱང་ལྷག་པར་མང་ངོ་། ། 9 དེ་ནས་ཨབ་ཤཱ་ལོམ་ནི་དཱ་བིད་ཀྱི་འཁོར་གཡོག་རྣམས་དང་ཕྲད་པ་དང་། ཁོ་རང་དྲེའུ་ཞིག་ལ་ཞོན་ནས་བེ་ཤིང་ཆེན་པོ་ཞིག་གི་ཡལ་ག་སྦོམ་པོའི་འོག་ཏུ་སྐྱོད་པ་ལ། ཁོའི་མགོ་བེ་ཤིང་གི་བར་ལ་བཙིར་པ་དང་། ཁོ་རང་བར་སྣང་དུ་དཔྱངས་ཏེ་ཞོན་པ་དྲེའུ་ཁོའི་འོག་ནས་ཤོར་རོ། ། 10 མི་ཞིག་གིས་དེ་མཐོང་ནས་ཡོ་ཨབ་ལ། གཟིགས་དང་། ངས་ཨབ་ཤཱ་ལོམ་བེ་ཤིང་སྟེང་དཔྱངས་ཡོད་པ་མཐོང་བ་ཡིན་ཞེས་སྨྲས་པར། 11 ཡོ་ཨབ་ཀྱིས་འཕྲིན་སྐྱེལ་མཁན་དེ་ལ། ལྟོས་དང་། ཁྱོད་ཀྱིས་ཁོ་མཐོང་ན་ཅིའི་ཕྱིར་སྐབས་དེར་ཁོ་བསད་ནས་སར་མི་འཕེན་ནམ། ངས་ཁྱོད་ལ་དངུལ་སྲང་བཅུ་དང་སྐ་རགས་གཅིག་དགའ་རྟགས་སུ་སྟེར་ངེས་ཡིན་ཞེས་སྨྲས་པ་དང་། 12 མི་དེས་ཡོ་ཨབ་ལ། ངའི་ལག་ཏུ་དངུལ་སྲང་སྟོང་གཅིག་ཡོང་ནའང་། ངས་རྒྱལ་སྲས་ཀྱི་ཕྱོགས་སུ་ལག་པ་བརྐྱང་མི་ཕོད། འོ་སྐོལ་ཀུན་གྱི་ཐོས་སར། རྒྱལ་པོས་ཁྱེད་དང་ཨ་བི་ཤཱ་ཨི་དང་ཨིད་ཏ་ཨི་གསུམ་ལ། དོགས་ཟོན་གྱིས་ཤིག གཞོན་ནུ་ཨབ་ཤཱ་ལོམ་ལ་གནོད་པ་མ་བྱེད་ཅིག་ཅེས་བཀའ་གནང་བ་ཡིན། 13 གལ་ཏེ་བདག་གིས་ཁོའི་སྲོག་བཅད་ཚེ། དོན་གང་ཡིན་ཡང་རྒྱལ་པོ་ལ་གསང་མི་ཐུབ་པར་མ་ཟད། ཁྱེད་ཀྱང་རྒྱང་རིང་ནས་ལངས་སྡོད་ངེས་ཡིན་ཞེས་སྨྲས། 14 དེར་ཡོ་ཨབ་ཀྱིས། ངས་ཁྱོད་ཀྱི་རྩར་འདི་ལྟར་དུས་འགྱང་བྱེད་མི་ནུས་ཞེས་སྨྲས་པ་དང་། མདུང་གསུམ་ལག་ཏུ་ཐོགས་ནས་ཨབ་ཤཱ་ལོམ་ད་དུང་བེ་ཤིང་གི་སྟེང་དུ་དཔྱངས་ནས་གསོན་པའི་དུས་སུ་ཁོའི་སྙིང་བརྟོལ་བར་བྱས་སོ། ། 15 ཡོ་ཨབ་ཀྱི་གོ་མཚོན་འཁུར་བའི་གཞོན་ནུ་བཅུ་ཡིས་ཨབ་ཤཱ་ལོམ་བསྐོར་ཏེ་ཁོ་ལ་བརྡུངས་ནས་བསད་དོ། ། 16 དེ་ནས་ཡོ་ཨབ་ཀྱིས་ཆེད་དུ་རྭ་དུང་བུས་པ་ལ། དམག་མི་རྣམས་ཡེས་ར་ཨེལ་གྱི་ར་མདའ་ནས་ཕྱིར་ལོག་པ་རེད། གང་ལ་ཞེ་ན། ཡོ་ཨབ་ཀྱིས་དམག་མི་རྣམས་བཀག་པའོ། ། 17 དེ་ནས་དེ་དག་གིས་ཨབ་ཤཱ་ལོམ་མར་བླངས་པ་དང་། ནགས་གསེབ་ཀྱི་ས་དོང་ཆེན་པོ་ཞིག་གི་ནང་དུ་འཕངས་ནས་དེའི་སྟེང་དུ་རྡོ་སྤུང་ཤིན་ཏུ་ཆེན་པོ་བརྒྱབ། ཡེས་ར་ཨེལ་པ་ཐམས་ཅད་བྲོས་ནས་རང་རང་གི་གུར་དུ་སོང་ངོ་། ། 18 ཨབ་ཤཱ་ལོམ་གྱིས་རང་ཉིད་གསོན་པོའི་དུས་སུ་རྒྱལ་པོའི་ལུང་པ་རུ་ཀ་བ་ཞིག་བསླངས་ཏེ། ཁོས་བདག་ལ་དྲན་རྟེན་དུ་རང་གི་མིང་ཐོགས་པའི་བུ་མེད་ཅེས་སྨྲས་ནས། ཀ་བ་དེའི་མིང་ལ་རང་གི་མིང་བཞིན་ཨབ་ཤཱ་ལོམ་གྱི་ཀ་རིང་ཞེས་བཏགས་ཤིང་དེ་རིང་གི་བར་དུ་ལུས་སོ། །
དཱ་བིད་ཀྱིས་ཨབ་ཤཱ་ལོམ་ཤི་བའི་གཏམ་ཐོས་པ།
19 དེར་ཟཱ་ཏོག་གི་བུ་ཨ་ཧི་མཱ་ཨ་སི་ཡིས། ད་ང་རང་བརྒྱུགས་སོང་སྟེ་རྒྱལ་པོ་ལ། དཀོན་མཆོག་ཡ་ཝཱེས་རྒྱལ་པོ་ཁོང་ཉིད་དགྲ་བོ་རྣམས་ལས་སྐྱོབ་པར་མཛད་པའི་འཕྲིན་འཁྱེར་རམ་ཞེས་ཞུས་པར། 20 ཡོ་ཨབ་ཀྱིས་དེ་ལ། དེ་རིང་ཉིན་མོར་ཁྱོད་ཀྱིས་འཕྲིན་མ་འཁྱེར་ཞིག ཉིན་མོ་གཞན་ཞིག་ལ་འཕྲིན་འཁྱེར་རུང་། དེ་རིང་རྒྱལ་སྲས་གྲོངས་པས་ཁྱོད་ཀྱིས་འཕྲིན་འཁྱེར་མི་རུང་ཞེས་སྨྲས་སོ། ། 21 དེར་ཡོ་ཨབ་ཀྱིས་གུ་ཤ་པ་ཞིག་ལ། ཁྱོད་སོང་སྟེ་ཇི་མཐོང་བ་དེ་རྒྱལ་པོར་ཞུས་ཤིག་ཅེས་བཀའ་བསྩལ་པས། གུ་ཤ་པ་དེས་ཡོ་ཨབ་ལ་ཕྱག་བཙལ་ཏེ་བརྒྱུགས་སོ། ། 22 ཟཱ་ཏོག་གི་བུ་ཨ་ཧི་མཱ་ཨ་སི་ཡིས་ཡང་བསྐྱར་ཡོ་ཨབ་ལ། ཅི་བྱུང་ན་བྱུང་། བདག་ནི་གུ་ཤ་པའི་རྗེས་སུ་རྒྱུག་པར་གནོངས་ཤིག་ཅེས་ཞུས་པར། ཡོ་ཨབ་ཀྱིས། ངའི་བུ། ཁྱོད་ཀྱིས་འཕྲིན་འདི་བསྐྱལ་བས་རྔན་པ་ཅི་ཡང་མེད་དེ། ཅིའི་ཕྱིར་རྒྱུག་འདོད་དམ་ཞེས་སྨྲས་ཀྱང་། 23 དེས་ནི་ཅི་བྱུང་ན་བྱུང་། ང་རང་རྒྱུག་དགོས་ཞུས་པས། དེས་རྒྱུག་ཅིག་ཅེས་སྨྲས་པ་དང་། ཡང་ཨ་ཧི་མཱ་ཨ་སི་ཐང་ལམ་ནས་བརྒྱུགས་ཏེ་གུ་ཤ་པའི་སྔོན་དུ་སླེབས་སོ། ། 24 དེའི་ཚེ་དཱ་བིད་མཁར་སྒོ་གཉིས་ཀྱི་མཚམས་སུ་བཞུགས་ཡོད་པ་དང་། སོ་པ་ནི་མཁར་སྟེང་དུ་འགོས་ཏེ་མགོ་ཡར་བཏེགས་ནས་བལྟས་པ་ལ། ལྟོས་དང་། མི་གཅིག་རང་བརྒྱུགས་འོང་བ་མཐོང་ངོ་། ། 25 སོ་པས་སྐད་ཆེན་པོས་རྒྱལ་པོར་ཞུས་ཤིང་། རྒྱལ་པོས། གལ་ཏེ་མི་གཅིག་འོངས་ན་དེ་ནི་ངག་འཕྲིན་འཁྱེར་མཁན་ཡིན་ཞེས་གསུངས་པ་དང་། མི་དེ་བརྒྱུགས་ནས་ཉེ་བར་སླེབས། 26 སོ་པས་ཡང་མི་ཞིག་བརྒྱུགས་འོང་བ་མཐོང་ནས། མཁར་སྒོ་སྲུང་མཁན་བོས་ཏེ་ན་རེ། ལྟོས་དང་། ཡང་མི་གཅིག་རང་ཚུར་རྒྱུག་གོ་ཞེས་སྨྲས་པར། རྒྱལ་པོས། དེ་ཡང་འཕྲིན་འཁྱེར་མཁན་ཡིན་ཞེས་གསུངས། 27 དེ་ནས་སོ་པས། མི་སྔ་མ་དེའི་རྒྱུག་ཚུལ་ལ་ལྟོས་ན་ཟཱ་ཏོག་གི་བུ་ཨ་ཧི་མཱ་ཨ་སི་ཡིན་པ་འདྲ་ཞེས་སྨྲས་ཤིང་། རྒྱལ་པོས། ཁོ་ནི་མི་བཟང་པོ་ཞིག་ཡིན་ལ་འཕྲིན་བཟང་ཡོད་དོ་ཞེས་གསུངས་སོ། ། 28 ཡང་ཨ་ཧི་མཱ་ཨ་སི་ཡིས་འབོད་སྒྲ་བསྒྲགས་ཏེ། བདེ་ལ་བབས་སོ་ཞེས་ཞུས་ཤིང་། ལུས་སར་བཏུད་ནས་རྒྱལ་པོར་ཕྱག་བཙལ་ཏེ་ན་རེ། ཁྱེད་ཀྱི་དཀོན་མཆོག་ཡ་ཝཱེ་ནི་བསྟོད་འོས་པ་ལགས། ཁོང་གིས་བདག་གི་ཇོ་བོ་དང་བདག་གི་རྒྱལ་པོའི་ཕྱོགས་སུ་ལག་པ་བཏེགས་པའི་མི་རྣམས་རྒྱལ་པོར་སྤྲོད་པར་མཛད་དོ་ཞེས་ཞུས་པ་དང་། 29 རྒྱལ་པོས། ན་གཞོན་ཨབ་ཤཱ་ལོམ་བདེའམ་ཞེས་དྲིས་པར། ཨ་ཧི་མཱ་ཨ་སི་ཡིས། ཡོ་ཨབ་ཀྱིས་རྒྱལ་པོའི་ཞབས་ཕྱི་བདག་མངགས་པའི་ཚེ་ན། བདག་གིས་ཟང་ཟིང་ཆེན་པོ་ཞིག་མཐོང་ནའང་དེ་ཅི་ཡིན་ཤེས་མ་སོང་ཞེས་ཞུས། 30 རྒྱལ་པོས། ཁྱོད་ཡར་ལོངས་ལ་ལོགས་སུ་སྡོད་ཅིག་ཅེས་བཀའ་བསྩལ་པས་ཁོ་ཡར་ལངས་ནས་ལོགས་སུ་བསྡད་དོ། ། 31 ཡང་ལྟོས་ཤིག གུ་ཤ་པ་དེ་ཡང་སླེབས་ནས། ཀྱེ་བདག་གི་ཇོ་བོ་དང་བདག་གི་རྒྱལ་པོ་ལ་འཕྲིན་ཞིག་ཞུ་རྒྱུ་ཡོད་དེ། དཀོན་མཆོག་ཡ་ཝཱེས་དེ་རིང་ཉིན་མོར་ཡར་ལངས་ནས་ཁྱེད་ལ་རྒོལ་མཁན་ཐམས་ཅད་ལས་ཁྱེད་རང་སྐྱོབ་པར་མཛད་དོ་ཞེས་ཞུས་པར། 32 རྒྱལ་པོས་གུ་ཤ་པ་དེ་ལ། ན་གཞོན་ཨབ་ཤཱ་ལོམ་བདེའམ་ཞེས་དྲིས་པའི་ལན་དུ་གུ་ཤ་པས། བདག་གི་ཇོ་བོ་དང་བདག་གི་རྒྱལ་པོའི་དགྲ་བོ་རྣམས་དང་། སེམས་ངན་དང་བཅས་ཡར་ལངས་ནས་ཁྱེད་ལ་གནོད་སྐྱེལ་མཁན་ཐམས་ཅད་ན་གཞོན་དེ་དང་འདྲ་བར་གྱུར་ཅིག་ཞུས་པས། 33 རྒྱལ་པོ་ཐུགས་རབ་ཏུ་འཁྲུགས་ཏེ་མཁར་སྒོའི་སྟེང་ཁང་དུ་འགོས་ནས། ཀྱེ་ངའི་བུ་ཨབ་ཤཱ་ལོམ། ངའི་བུ། ངའི་བུ་ཨབ་ཤཱ་ལོམ། ང་ནི་ཁྱོད་ཀྱི་ཚབ་ཏུ་ཤི་བ་ཡིན་ན་ཅི་མ་རུང་། ཀྱེ་ཨབ་ཤཱ་ལོམ། ངའི་བུ་ཞེས་ཤིན་ཏུ་ངུས་སོ། །