༄༅། །ཐི་མོ་ཐེ་ལ་སྤྲིངས་པའི་འཕྲིན་ཡིག་གཉིས་པ།
ཐི་མོ་ཐེ་ལ་སྤྲིངས་པའི་འཕྲིན་ཡིག་གཉིས་པའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
སྤྱི་ལོ་62ནས་63ལོའི་བར་དུ་རོ་མཱ་གྲོང་ཁྱེར་ནས་ཕོལ་ལོལ་བཙོན་གྲོལ་བཏང་རྗེས་ཁོང་ཉིད་ཐེངས་བཞི་པར་ཆོས་སྤེལ་དུ་ཕྱིན། སྐབས་དེར་ཐི་མོ་ཐེ་དང་པོ་དང་ཐེ་ཏུའི་འཕྲིན་ཡིག་གཉིས་ཡི་གེར་བཀོད་པ་དང་། དེ་ནས་སྤྱི་ལོ་66ནས་67ལོའི་ཡས་མས་སུ་རོ་མཱ་གོང་མའི་རྒྱལ་པོ་ནེ་རོལ་༼Nero༽ཞེས་བྱ་བས་ཕོལ་ལོལ་སླར་ཡང་རོ་མཱ་གྲོང་ཁྱེར་དུ་བཙོན་ལ་བཅུག ཁོང་ནི་མུན་གནག་ཅིང་གྲང་ངར་ཆེ་བའི་ས་འོག་གི་བཙོན་ཁང་ཞིག་ཏུ་བཅུག་པ་དང་། ཉམ་ཐག་ཅིང་ནག་ཉེས་བསགས་མཁན་དང་འདྲ་བར་ལྕགས་སྒྲོག་བརྒྱབ་པ་རེད། ཕོལ་ལོལ་གྱིས་རང་གི་ལས་དོན་བསྒྲུབས་ཚར་བ་དང་རང་ཉིད་ཀྱི་མི་ཚེའང་རྫོགས་ལ་ཉེ་བ་རྟོགས་ཡོད།
ཡི་གེར་འགོད་མཁན་དང་འགོད་དུས།
འཕྲིན་ཡིག་འདིའི་ཚིག་རྐང་དང་པོ་ལས་གཞུང་འདི་ཡི་གེར་འགོད་མཁན་ནི་ཕོལ་ལོལ་ཡིན་པ་ཁ་གསལ་ཞིང་། འཕྲིན་ཡིག་གི་དུམ་མཚམས་མང་པོའི་ནང་དུ་དོན་དེ་ལ་བདེན་དཔང་མཛད་ཡོད། འཕྲིན་ཡིག་འདི་ནི་སྤྱི་ལོ་66ལོའི་ཡས་མས་སུ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ཕོལ་ལོལ་གྱིས་དུས་སྐབས་འདིར་ཐི་མོ་ཐེ་ལ་འཕྲིན་ཡིག་འབྲི་བར་དམིགས་ཡུལ་གསུམ་ཡོད་དེ།
༼1༽ ཕོལ་ལོལ་ནི་རང་གི་གྲོགས་པོ་ཚོས་དོར་ནས་གྲོགས་མེད་ཁེར་རྐྱང་དུ་ལུས་པ་དང་། ཕོལ་ལོལ་གྱིས་ཐི་མོ་ཐེ་རང་དང་མཉམ་དུ་སྡོད་པར་རེ་བ་ཆེན་པོ་བཅངས་པ།
༼2༽ རོ་མཱའི་གོང་མ་རྒྱལ་པོ་ནེ་རོལ་གྱི་མངའ་འོག་ཏུ་ཆོས་ཚོགས་ལ་བཙན་གནོན་ཐེབས་པར་བརྟེན། ཁོང་གིས་ཆོས་ཚོགས་ཀྱི་བདེ་དོན་ལ་ཐུགས་ཁུར་གནང་བ་དང་། ཐི་མོ་ཐེ་ལ་སྡུག་བསྔལ་མྱང་དགོས་ཀྱང་ཡེ་ཤུའི་ཆོས་ལུགས་ཀྱི་འཕྲིན་བཟང་ལ་སྲུང་སྐྱོབ་བྱེད་དགོས་པར་བསྐུལ་སློང་བྱས།
༼3༽ སྐབས་དེར་ཕོལ་ལོལ་གྱིས་ཐི་མོ་ཐེ་བརྒྱུད་ནས་འཕྲིན་ཡིག་འདི་ཨེ་ཕེ་སི་གྲོང་ཁྱེར་གྱི་ཆོས་ཚོགས་ལ་འབྲི་འདོད་པ་ཡིན།
འཆར་ཟིན།
1. ཕོལ་ལོལ་གྱིས་ཐི་མོ་ཐེ་ལ་ཐུགས་ཁུར་གནང་བའི་སྐོར། ༼1:1-14༽
2. ཕོལ་ལོལ་གྱི་གནས་བབ་སྐོར། ༼1:15-18༽
3. ཐི་མོ་ཐེ་ལ་སློབ་སྟོན་མཛད་པའི་སྐོར། ༼2:1-26༽
4. མཐའ་མའི་ཉིན་མོ་དག་གི་སྤྱོད་ལམ་སྐོར། ༼3:1-17༽
5. ཕོལ་ལོལ་གྱི་གདམས་པ་དང་རེ་ཞུ། ཁམས་འདྲི་བཅས། ༼4:1-22༽
ལེའུ་དང༌པོ།
འཕྲིན་ཡིག་བསྐུར༌ཡུལ།
1 དེ་ཡང་ཕོལ་ལོལ་བདག་ནི་དཀོན་མཆོག་གི་ཐུགས་དགོངས་དང་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཡོད་པའི་ཚེ་སྲོག་གི་ཞལ་བཞེས་གནང་བ་བཞིན་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་པ་ཞིག་ཡིན་ནོ།། 2 འཕྲིན་ཡིག་འདི་ནི་བདག་གི་སྙིང་ནས་བརྩེ་བའི་བུ་ཐི་མོ་ཐེ་ལ་སྤྲིངས་པ་ཡིན༌ཏེ། ཡབ་དཀོན་མཆོག་དང་བདག་ཅག་གི་གཙོ་བོ་མཱ་ཤི་ཀ་ཡེ་ཤུ་ནས་ཁྱོད་ལ་བྱམས་དང་སྙིང༌རྗེ། ཞི་བདེ་བཅས་འཐོབ་པར༌སྨོན།
བསམ་པ་དྲང་ཕྱོགས་སུ་བསྐུལ༌བ།
3 བདག་གིས་དཀོན་མཆོག་ལ་བཀའ་དྲིན༌ཞུའོ།། ངས་རང་གི་མེས་པོས་མཛད་པ་བཞིན་བསམ་པ་རྣམ་དག་གིས་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཅིང༌། གསོལ་བ་འདེབས་པའི་ཚེ་ཁྱོད་རང་ཉིན་མཚན་མེད་པར་དྲན༌པ་དང༌། 4 དེ་སྔར་ཁྱོད་ཀྱི་མིག་ལས་མཆི་མ་བཞུར་མྱོང་བ་ཡིད་ལ་དྲན་ཞིང༌། བདག་གི་སེམས་ནི་དགའ་སྤྲོས་ཁེངས་པའི༌ཕྱིར། ཁྱོད་དང་ངོ་འཕྲད་འདོད་ཤིན་ཏུ་ཆེའོ།། 5 ཁྱོད་ཀྱི་བཅོས་མ་མིན་པའི་དད་པ༌ནི། ཐོག་མར་ཁྱོད་ཀྱི་རྨོ་མོ་ལོ་ཨེ་སི་དང་ཡུམ་ཨིའུ་ནེ་ཀེའི་སེམས་སུ་ཡོད་པ་དེ་ངས་ཡིད་ལ་ཤར༌ཞིང༌། ཁྱོད་ཀྱི་སེམས་སུའང་ཡོད་པར་བདག་ལ་ཡིད་ཆེས་བརྟན་པོ་ཡོད། 6 དེའི༌ཕྱིར། བདག་གིས་ཁྱོད་ལ་དྲན་སྐུལ༌བྱ་སྟེ། ངས་སྔོན་ཆད་རང་གི་ལག་པ་ཁྱོད་ཀྱི་ལུས་ལ་བཞག་པ་བརྒྱུད་ནས། ཁྱོད་ལ་ཐོབ་པའི་དཀོན་མཆོག་གི་གནང་སྦྱིན་དེ་ཁྱོད་ཀྱིས་སླར་ཡང་མེ་ལྟར་གསོ་བར༌གྱིས། 7 ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་བདག་ཅག་ལ་སྡར་མའི་སེམས་གནང་བ་མ་ཡིན༌པར། ཞུམ་མེད་དང་བྱམས༌པ། རང་གཅུན་ཐུབ་པ་བཅས་ཀྱི་སེམས་གནང་བའི་ཕྱིར༌རོ།།
8 དེ་བས་ན། ཁྱོད་ཀྱིས་བདག་ཅག་གི་གཙོ་བོ་ལ་བདེན་དཔང་བྱེད་པ༌དང༌། ཡང་ན་ཁོང་གི་ཆེད་དུ་ང་རང་བཙོན་དུ་བཅུག་ཡོད་པ་ནི་ངོ་ཚ་ཞིག་ཏུ་མི་བརྩི༌བར། དཀོན་མཆོག་གི་ནུས་མཐུ་ལ་བརྟེན་ནས་འཕྲིན་བཟང་གི་ཆེད༌དུ། བདག་དང་ལྷན་ཅིག་སྡུག་བསྔལ་མྱོང་བར༌གྱིས། 9 དཀོན་མཆོག་གིས་བདག་ཅག་བསྐྱབས་ཤིང་དམ་པའི་ཞལ་འབོད་ཀྱིས་བོས་པ་ཡིན་ལ། དེ་ནི་བདག་ཅག་གིས་ཅི་བྱས་པ་བཞིན་ཐོབ་པ་མ་ཡིན༌པར། ཁོང་གི་ཐུགས་དགོངས་དང་ཐུགས་རྗེ་བཞིན་དུ་མཛད༌པ་ཡིན་ནོ།། ཐུགས་རྗེ་ནི་དུས་ཀྱི་ཐོག་མའི་སྔ་རོལ་ནས་མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས་བདག་ཅག་ལ་གནང་བ་ཡིན༌མོད། 10 འོན་ཀྱང་ད་ལྟ་བདག་ཅག་གི་སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུ་དངོས་སུ་བྱོན་པ་བརྒྱུད་ནས་ཐུགས་རྗེ་དེ་ཕྱིར་མངོན་པ་ཡིན༌ལ། ཁོང་གིས་འཆི་བ་བཅོམ་ཞིང་འཕྲིན་བཟང་བརྒྱུད་ནས་འཇིག་པ་མེད་པའི་ཚེ་སྲོག་མངོན་གསལ་དུ་བསྟན་ཏོ།། 11 འཕྲིན་བཟང་འདིའི་ཆེད་དུ་ང་རང་ཆོས་སྒྲོག་མཁན༌དང༌། སྐུ་ཚབ༌པ། དགེ་རྒན་བཅས་སུ་བསྐོས་པ༌དང༌། 12 དོན་འདིའི་རྐྱེན་གྱིས་བདག་གིས་ཀྱང་སྡུག་བསྔལ་དེ་དག་མྱོང༌མོད། འོན་ཀྱང༌། ང་རང་དོན་འདིར་ངོ་མི་གནོང༌ངོ་།། ཅིའི་ཕྱིར་ཞེ་ན། བདག་གིས་སུ་ལ་དད་པ་བྱེད་པ་ཤེས་ཤིང་ཉིན་མོ་དེ་སླེབས་པའི་བར༌དུ། ཁོང་ལ་སྐྱབས་སུ་བཅོལ་བ་གང་ཞིག་ཁོང་གིས་བསྲུང་ནུས་པར་བདག་ལ་ཡིད་ཆེས་བརྟན་པོ་ཡོད་པའི་ཕྱིར༌རོ།།
13 ཡང་ཁྱོད་ཀྱིས་རྟག་ཏུ་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཡོད་པའི་དད་སེམས་དང་བྱམས་པ་ལ་བརྟེན་ནས། བདག་གི་ངག་ལས་ཐོས་པའི་ཡང་དག་པའི་བསྟན་པ་བསྲུང་བར་བྱའོ༎ 14 དེ་སྔར་ཁྱོད་ལ་བཅོལ་བའི་དོན་བཟང་པོ༌དེ། ཁྱོད་ཀྱིས་བདག་ཅག་གི་སེམས་ཁོང་དུ་བཞུགས་པའི་དམ་པའི་ཐུགས་ཉིད་ལ་བརྟེན་ནས་བརྟན་པོར་བསྲུང་བར༌གྱིས། 15 ཨེ་ཞི་ཡཱ་ཡུལ་དུ་ཡོད་པའི་མི་ཐམས་ཅད་ཀྱིས་ང་རང་སྤངས་པ་ནི་ཁྱོད་ཀྱིས་ཤེས་པ༌དང༌། དེ་དག་གི་ཁྲོད་དུ་ཕི་གེལ་ལུ་དང་ཧེར་མོ་གེ་ནཱ་གཉིས་ཀྱང་ཡོད་དོ།། 16 ཨོ་ནེ་སི་ཕུ་རུའི་ཁྱིམ་མི་རྣམས་ལ་གཙོ་བོས་ཐུགས་རྗེ་གནང་བར༌སྨོན། ཅིའི་ཕྱིར་ཞེ་ན། ཁྱིམ་བདག་དེས་ཐེངས་མང་པོར་བདག་ལ་སེམས་གསོ་གནང་ཞིང༌། ང་རང་ལྕགས་སྒྲོག་གིས་བཅིངས་པའི་དོན་དེ་ངོ་ཚ་ཞིག་ཏུ་མ་བརྩིས༌པར། 17 དེ་ལས་ལྡོག་སྟེ་ཁོ་རང་རོ་མཱ་རུ་ཡོད་པའི་དུས༌སུ། འབད་པའི་ངང་ནས་ང་རང་བཙལ་ནས་རྙེད་པའི་ཕྱིར༌རོ།། 18 མ་འོངས་པའི་ཉིན་མོ༌དེར། གཙོ་བོས་རང་ཉིད་ཀྱི་ཐུགས་རྗེ་ཁོ་རང་ལ་གནང་བར༌སྨོན། ཁོས་ཨེ་ཕེ་སི་ནས་བདག་ལ་ཇི་ལྟར་ཞབས་ཕྱི་མང་དུ་བྱས་པ་ཁྱོད་ཀྱིས་ཤེས་པ་ཡིན་ནོ༎