༄༅། །བཀའ་ལུང་གི་མདོ།
བཀའ་ལུང་གི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
བཀའ་ལུང་ཞེས་པ་ནི་གྷི་རིག་སྐད་ཡིག་གི་ཞལ་ཆད་རྙིང་པའི་འགྱུར་གྱི་ཁ་བྱང་ལས་བྱུང་བ་ཡིན། དེ་ནི་བཀའ་ཁྲིམས་བསྐྱར་དུ་བཤུས་པའི་དོན་ལ་འཇུག དེ་ཡང་ཡེས་ར་ཨེལ་པ་རྣམས་དབེན་སྟོང་དུ་ལོ་བཞི་བཅུར་ཉུལ་བའི་རྗེས་སུ་ཀ་ན་ཨན་ཡུལ་དུ་བསྐྱོད་པར་གྲ་སྒྲིག་བྱས་མོད། འོན་ཀྱང་ཁོ་ཚོ་ཡུལ་དེར་མ་སོང་སྔོན་དུ་མོ་ཤེ་ཡིས་དེ་དག་ལ་རང་གི་ལོ་རྒྱུས་ཤེས་སུ་འཇུག་འདོད་དེ། དཀོན་མཆོག་གིས་ཁོ་ཚོའི་ཆེད་དུ་མཛད་པའི་འཕྲིན་ལས་ཐམས་ཅད་དང་། དཀོན་མཆོག་གིས་ཁོང་གི་འབངས་མིར་བདམས་པ་བཞིན་ཁོ་ཚོས་ཀྱང་མུ་མཐུད་དུ་བཀའ་ཁྲིམས་བརྩི་དགོས་པའི་སྐོར་དྲན་སྐུལ་གནང་ཡོད།
ཡི་གེར་འགོད་མཁན་དང་འགོད་དུས།
གཞུང་རང་ངོས་ནས་ཀྱང་ཚིག་རྐང་ཕལ་ཆེ་བ་མོ་ཤེས་ཡི་གེར་བཀོད་པ་ཡིན་པར་བདེན་དཔང་བྱས་ཡོད། དཔེར་ན། ལེའུ་དང་པོའི་ཚིག་རྐང་ལྔ་པ་དང་། ལེའུ་སོ་གཅིག་པའི་ཚིག་རྐང་དགུ་པ་དང་ཚིག་རྐང་ཉེར་གཉིས་པ། ཚིག་རྐང་ཉེར་བཞི་པ་བཅས་སུ་གསལ། དེ་བཞིན་དུ་ཞལ་ཆད་རྙིང་པའི་གཞུང་འགའ་ཞིག་ཏུའང་དེ་ལ་མོས་མཐུན་གནང་ཡོད་པར་གསུངས་ཡོད་པ་དཔེར་ན། རྒྱལ་རབས་དང་པོའི་ལེའུ་གཉིས་པའི་ཚིག་རྐང་གསུམ་པ་དང་། ལེའུ་བརྒྱད་པའི་ཚིག་རྐང་ལྔ་བཅུ་ང་གསུམ་པ་དང་། རྒྱལ་རབས་གཉིས་པའི་ལེའུ་བཅུ་བཞི་པའི་ཚིག་རྐང་དྲུག་པ། ལེའུ་བཅོ་བརྒྱད་པའི་ཚིག་རྐང་བཅུ་གཉིས་པ་བཅས་སུ་གསལ། དེ་ལས་གཞན་སྐྱབས་མགོན་ཡེ་ཤུས་ཀྱང་དེ་དང་མཚུངས་པར་བདེན་དཔང་མཛད་ཡོད། དཔེར་ན། མད་ཐཱའི་འཕྲིན་བཟང་གི་ལེའུ་བཅུ་དགུ་པའི་ཚིག་རྐང་བདུན་པ་ནས་བརྒྱད་པའི་བར་དང། མཱར་ཀུའི་འཕྲིན་བཟང་གི་ལེའུ་བཅུ་པའི་ཚིག་རྐང་གསུམ་པ་ནས་ལྔ་པའི་བར། ཡོ་ཧ་ནན་གྱི་ལེའུ་ལྔ་པའི་ཚིག་རྐང་ཞེ་ལྔ་ནས་ཞེ་བདུན་བར་བཅས་སུ་གསུངས་ཡོད་པར་མ་ཟད། ཞལ་ཆད་གསར་པ་ཡི་གེར་འགོད་མཁན་གཞན་རྣམས་ཀྱིས་ཀྱང་དེ་བཞིན་དུ་གསུངས་ཡོད་པ་དཔེར་ན། སྐུ་ཚབ་པ་རྣམས་ཀྱི་མཛད་འཕྲིན་གྱི་ལེའུ་གསུམ་པའི་ཚིག་རྐང་ཉེར་གཉིས་ནས་ཉེར་གསུམ་པའི་བར་དང་། ལེའུ་བདུན་པའི་ཚིག་རྐང་སོ་བདུན་ནས་སོ་བརྒྱད་བར། རོ་མཱ་པའི་ལེའུ་བཅུ་པའི་ཚིག་རྐང་བཅུ་དགུ་པ་སོགས་སུ་གསལ། ད་དུང་སྐྱབས་མགོན་ཡེ་ཤུས་ཀྱང་བཀའ་ལུང་གི་མདོ་འདི་དམ་པའི་གསུང་རབ་ཀྱི་ཁུངས་བཙུན་པའི་གཞུང་ལྟར་ལུང་དུ་དྲངས་ཡོད། དཔེར་ན། མད་ཐཱའི་འཕྲིན་བཟང་གི་ལེའུ་བཞི་པའི་ཚིག་རྐང་བཞི་པ་དང་ཚིག་རྐང་བདུན་པ། ཚིག་རྐང་བཅུ་པ་བཅས་སུ་གསལ། གཞུང་འདི་ནི་ལུང་སྟོན་པ་མོ་ཤེ་སྐུ་མ་གཤེགས་གོང་གི་སྤྱི་ལོ་སྔོན་གྱི་1406ལོའི་ཡས་མས་སུ་ཡི་གེར་བཀོད།
བརྗོད་སྙིང་དང་གསུང་འཕྲིན།
མོ་ཤེ་ཡིས་ཡེས་ར་ཨེལ་པ་རྣམས་ལ་དཀོན་མཆོག་གིས་འཕྲིན་ལས་ཇི་སྙེད་ཅིག་མཛད་ཡོད་པར་དྲན་སྐུལ་བྱས་ཏེ། ཁོ་ཚོ་ས་སྟོང་དུ་བསྐྱོད་པའི་སྐབས་སུ་དཀོན་མཆོག་ཇི་ལྟར་ཁོ་ཚོ་དང་མཉམ་དུ་བཞུགས་པ་དང་ཀ་ན་ཨན་ཡུལ་ཁོ་ཚོར་གནང་བའི་སྐོར་བརྗོད་ཡོད། མོ་ཤེ་ཡིས་དཀོན་མཆོག་གི་བཀའ་ཁྲིམས་བཅུ་དང་། བཀའ་ཁྲིམས་གཞན་དག་ལའང་སྤྱི་བསྡོམས་མཛད། གཙོ་བོ་ཡ་ཝཱེས་ཁོང་གི་འབངས་མི་ལ་བྱམས་བརྩེ་གནང་བའི་འབྲེལ་བ་དང་། ཁོང་གི་འབངས་རྣམས་ཀྱིས་ཀྱང་ཀུན་དབང་དཀོན་མཆོག་སྟེ་གཙོ་བོ་ཡ་ཝེ་ལ་གཅེས་པའི་སྐོར་བརྗོད་གཞི་གཅིག་གི་སྟེང་ནས་གཞུང་ཧྲིལ་པོར་ཁྱབ་ཡོད།
འཆར་ཟིན།
1. སྔོན་དུ་གླེང་བའི་དོན་སྤྱི། ༼1:1-5༽
2. ལོ་རྒྱུས་ཀྱི་བྱུང་རིམ། ༼1:6-4:43 ༽
3. ཞལ་ཆད་ལ་འགན་འཁུར་དགོས་པའི་སྐོར། ༼4:44-26:19 ༽
ཀ འགན་ཁུར་གཙོ་བོ་རྣམས། ༼4:44-11:32 ༽
ཁ། འགན་ཁུར་གཞན་དག་གི་སྐོར། ༼12:1-26:19 ༽
4. ཁས་བླངས་པ་དང་དམོད་མོ་ཕོག་པ། བྱིན་རླབས་བསྩལ་པ་བཅས་ཀྱི་སྐོར། ༼27:1-30:20 ༽
5. ཡོ་ཤུ་ཨ་འགོ་དཔོན་དུ་བསྐོས་པའི་སྐོར། ༼31:1-34:12 ༽
ལེའུ་དང་པོ།
ཧོ་རེབ་ནས་ཆས་པའི་བཀའ་བསྩལ་པ།
འདི་ནི་ཡོར་དན་གཙང་པོའི་ཤར་ཕྱོགས་སུ་ཡོད་པའི་དབེན་སྟོང་དུ། སུ་ཕུ་ཡི་ཁ་གཏད་ཀྱི་ཨ་ར་པཱ་བྱ་བ་སྟེ། ཕཱ་རན་དང་། ཐོ་ཕེལ། ལཱ་པན། ཧ་ཚི་རོད། དི་ཟ་ཧཱབ་བཅས་ཀྱི་བར་ལ་ཡོད་པའི་སྤང་ཐང་དུ། མོ་ཤེ་ཡིས་ཡེས་ར་ཨེལ་པ་ཐམས་ཅད་ལ་གསུངས་པའི་གཏམ་ཡིན་ཏེ། ཧོ་རེབ་ནས་ཀཱ་དེའེ་ཤཱ་པར་ནེ་ཨ་ལ་རི་བོ་སེ་ཨིར་བརྒྱུད་ནས་སོང་ན་ཉིན་བཅུ་གཅིག་གི་ལམ་ཐག་ཡོད། དེ་ནི་ཨེ་ཅིབ་ཡུལ་ནས་ཐོན་པའི་ལོ་བཞི་བཅུ་པའི་ཟླ་བཅུ་གཅིག་གི་ཚེས་དང་པོ་ལ། མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ལ་བསྩལ་པའི་བཀའ་ཐམས་ཅད་དེ་བཞིན་བསྒྲགས་སོ། ། ཧེ་སི་པོན་དུ་ཡོད་པའི་ཨེ་མོར་པའི་རྒྱལ་པོ་སི་ཧོན་དང་། ཨ་ཤཱ་ཐ་རོད་དང་ཨེ་དྲེ་ཨི་རུ་ཡོད་པའི་པཱ་ཤན་གྱི་རྒྱལ་པོ་ཨོག་གཉིས་ཕམ་པར་བརྒྱབ་རྗེས། མོ་ཤེ་ཡིས་ཡོར་དན་གཙང་པོའི་ཤར་ཕྱོགས་ཀྱི་མོ་ཨབ་ཐང་དུ་བཀའ་ཁྲིམས་འདི་གསལ་པོར་གསུང་འགོ་བརྩམས་ནས་འདི་ལྟར། རང་ཅག་གི་དཀོན་མཆོག་ཡ་ཝཱེས་རི་བོ་ཧོ་རེབ་ནས་འདི་སྐད་དུ། ཁྱོད་ཚོ་རི་བོ་འདིར་ཡུན་རིང་བསྡད་པས། ད་ནི་ཁ་ཕྱོགས་སྒྱུར་ལ་ཨེ་མོར་པའི་རི་ཁུལ་དང་དེའི་ཁྱིམ་མཚེས་རྣམས་ཏེ། ཨ་ར་པཱ་དང་། རི་ཁུལ་དང་། རི་ཀླུང་དང་། ནེ་གུབ་ཡུལ་དང་། རྒྱ་མཚོའི་འགྲམ་རྒྱུད་དང་། ཀ་ན་ཨན་པ་རྣམས་ཀྱི་ཡུལ་དང་། ལེ་པཱ་ནོན་བཅས་ནས་ཆུ་བོ་ཆེན་པོ་སྟེ་ཕི་རཱད་ཆུ་བོ་འགྲམ་རྒྱུད་ཀྱི་ཕྱོགས་སུ་སོང་ཞིག ལྟོས་དང་། བདག་གིས་ཡུལ་དེ་ཁྱོད་རྣམས་ཀྱི་མདུན་དུ་བཞག་ཡོད། དེ་ནི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་ཕ་མེས་ཨབ་ར་ཧམ་དང་ཨི་སཱག ཡ་ཀོབ་བཅས་ལ་ཁོང་རྣམས་དང་ཁོང་རྣམས་ཀྱི་བུ་རབས་ཚ་རྒྱུད་ལ་གནང་བར་མནའ་བཞེས་པ་ཡིན་པས། དེར་སོང་ནས་བདག་པོ་རྒྱོབས་ཤིག་ཅེས་བཀའ་བསྩལ་ཏོ། །
འགོ་དཔོན་བདམས་པ།
དེའི་དུས་སུ་བདག་གིས་ཁྱོད་རྣམས་ལ། ང་གཅིག་པུས་ཁྱོད་ཅག་གི་རྡོག་ཁྲེས་འཁུར་མི་ནུས། 10 ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་མང་པོར་མཛད་པས། ལྟོས་དང་། དེ་རིང་ཁྱོད་ཅག་ནི་ནམ་མཁའི་སྐར་མ་བཞིན་རྒྱས་འདུག 11 ཁྱོད་རྣམས་ཀྱི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ད་ལྟ་ལས་ཀྱང་ལྡབ་སྟོང་འགྱུར་གྱིས་མང་བར་སྤེལ་ཞིང་། ཡང་ཁོང་གིས་ཁྱོད་རྣམས་ལ་ཞལ་བཞེས་གནང་བ་བཞིན། ཁྱོད་ཅག་ལ་བྱིན་རླབས་གནང་བར་ཤོག 12 ང་གཅིག་པུས་ཁྱོད་རྣམས་ཀྱི་རྡོག་ཁྲེས་དང་འགན་ཁུར། རྩོད་གླེང་བཅས་ནི་ཅི་ལྟར་འཁུར་ནུས་སམ། 13 ཁྱོད་རྣམས་ཀྱིས་རང་རང་གི་ཚོ་པ་བཞིན་མཁས་མཛངས་ལྡན་པ་དང་བློ་གྲོས་ཅན། ཉམས་མྱོང་ཅན་རེ་འདེམས་དགོས་ཤིང་། ངས་དེ་དག་ཁྱོད་རྣམས་ཀྱི་འགོ་དཔོན་དུ་བསྐོས་ཆོག་ཅེས་བསྒོས་པ་དང་། 14 ཁྱོད་ཅག་གིས་བདག་ལ་ཁྱེད་ཀྱིས་བསྒྲུབ་དགོས་པར་གསུངས་པ་དེ་ལེགས་པོ་འདུག་ཅེས་ལན་བཏབ་བོ། ། 15 དེ་ནས་ངས་ཁྱོད་ཅག་གི་ཚོ་པ་རྣམས་ཀྱི་འགོ་དཔོན་ཏེ། མཁས་མཛངས་ལྡན་པ་དང་ཉམས་མྱོང་ཅན་རྣམས་བདམས་ནས་ཁྱོད་ཅག་གི་ཚོ་པ་བཞིན་ཁྱོད་རྣམས་ལ་བདག་སྐྱོང་བྱེད་པའི་འགོ་དཔོན་དུ་བསྐོས་པ་དང་། སྟོང་དཔོན་དང་བརྒྱ་དཔོན། ལྔ་བཅུ་དཔོན། བཅུ་དཔོན། ལས་དཔོན་བཅས་ལ་བསྐོས་པ་ཡིན། 16 དེའི་དུས་སུ་ངས་ཁྱོད་ཅག་གི་ཁྲིམས་དཔོན་ལ་འདི་ལྟར་བསྒོས་པ་སྟེ། ཁྱོད་རྣམས་ཀྱིས་སྤུན་ཟླའི་གཏུག་བཤེར་ལ་ཉན་དུས། སྤུན་ཟླས་ཕན་ཚུན་གཏུག་པའམ། ཡང་ན་མཉམ་དུ་གནས་པའི་བྱེས་པའི་བར་གཏུག་བཤེར་བྱས་པ་གང་ཡིན་ཡང་ཁྲིམས་ཐག་དྲང་པོར་གཅོད་དགོས། 17 ཁྲིམས་ཐག་གཅོད་དུས་སུ་ལའང་ཕྱོགས་རིས་འཛིན་མི་རུང་ལ། མི་མཆོག་དམན་སུ་ཡིན་ཡང་དེ་ལ་གཅིག་མཚུངས་ཀྱིས་མཉན་དགོས། ཁྲིམས་ཐག་གཅོད་པ་ནི་དཀོན་མཆོག་ལ་དབང་བས་སུ་ལ་ཡང་འཇིགས་མི་དགོས། ཁྱོད་རྣམས་ཐག་གིས་གཅོད་དཀའ་བའི་གྱོད་དོན་དང་ཕྲད་ཚེ་ངའི་མདུན་དུ་ཁྱེར་ཤོག་དང་ངས་དེར་ཁྲིམས་ཐག་གཅོད་པར་བྱ་ཞེས་སྨྲས་སོ། ། 18 དེའི་དུས་སུ་ཁྱོད་ཅག་གིས་བསྒྲུབ་དགོས་པ་ཐམས་ཅད་ངས་ཁྱོད་རྣམས་ལ་བསྒོས་པ་ཡིན་ནོ། །
མྱུལ་མ་མངགས་ནས་ཀ་ན་ཨན་ཡུལ་ལ་མྱུལ་ཞིབ་བྱེད་དུ་བཅུག་པ།
19 ཡང་རང་རེའི་དཀོན་མཆོག་ཡ་ཝཱེས་བཀའ་གནང་བ་བཞིན་རང་ཅག་རི་བོ་ཧོ་རེབ་ནས་ལམ་དུ་ཆས་ཏེ། ཁྱོད་རྣམས་ཀྱིས་མཐོང་བའི་དབེན་སྟོང་ཆེན་པོ་འཇིགས་སུ་རུང་བ་དེ་བརྒལ་ནས། ཨེ་མོར་པའི་རི་རྒྱུད་ཀྱི་ལམ་དེད་ནས་སོང་ན་ཀཱ་དེའེ་ཤཱ་པར་ནེ་ཨ་རུ་སླེབས་པ་ཡིན། 20 དེ་ནས་བདག་གིས་ཁྱོད་རྣམས་ལ། ཁྱོད་རྣམས་ནི་རང་རེའི་དཀོན་མཆོག་ཡ་ཝཱེས་རང་ཅག་ལ་གནང་བའི་ཨེ་མོར་པའི་རི་རྒྱུད་ལ་སླེབས་བྱུང་། 21 ལྟོས་དང་། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཡུལ་འདི་ཁྱོད་ཅག་གི་མདུན་དུ་བཤམས་ཤིང་། ཁྱོད་ཅག་གི་ཕ་མེས་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་བཀའ་གནང་བ་བཞིན་ཡར་སོང་ལ་ཡུལ་དེ་བདག་གིར་ཟུངས་ཤིག མ་འཇིགས་མ་འཚབ་ཅིག་ཅེས་བསྒོས་པ་ཡིན། 22 དེ་ནས་ཁྱོད་ཅག་ངའི་མདུན་དུ་ཡོང་སྟེ། ང་ཚོས་ཡུལ་དེར་མྱུལ་ཞིབ་བྱ་བར་མི་མངགས་ན། དེས་རང་ཅག་ལམ་གང་དུ་འགྲོ་དགོས་པ་དང་གྲོང་ཁྱེར་གང་དུ་འཛུལ་དགོས་པའི་འཕྲིན་བསྐྱལ་འོང་ཞེས་སྨྲས་པ་དང་། 23 ང་རང་གཏམ་དེ་ལ་ཡིད་འཐད་ནས་ཁྱོད་རྣམས་ལས་མི་བཅུ་གཉིས་ཏེ་ཚོ་པ་རེ་ནས་མི་རེ་བདམས་པ་ཡིན། 24 དེ་དག་རི་ཁུལ་ལ་ཡར་སོང་ནས་ཨེ་ཤཱ་ཀོལ་བྱ་བའི་ཡུལ་བར་དུ་མྱུལ་ཞིབ་བྱས། 25 ཁོ་ཚོས་ཡུལ་དེའི་ཤིང་ཏོག་རྣམས་ཁྱེར་འོངས་ནས་རང་ཅག་ལ་སྤྲད་པ་དང་། དཀོན་མཆོག་ཡ་ཝཱེས་རང་ཅག་ལ་བསྩལ་པའི་ཡུལ་ནི་ཡག་པོ་འདུག་ཅེས་འཕྲིན་བསྐྱལ་ཡོང་ནའང་། 26 ཁྱོད་རྣམས་ཡར་འགྲོ་བར་མ་དགའ་ཞིང་ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་ངོ་ལོག་བྱས་པ་ཡིན། 27 ཁྱོད་རྣམས་ཀྱིས་གུར་ནང་དུ་འཁང་ར་བྱས་ཏེ་ན་རེ། དཀོན་མཆོག་ཡ་ཝཱེ་ང་ཚོ་ལ་སྡང་བས་ང་ཚོ་ཨེ་མོར་པའི་ལག་ཏུ་གཏད་ནས་ཚར་གཅོད་པའི་ཕྱིར་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོངས་པ་རེད། 28 ང་ཚོ་གང་དུ་འགྲོའམ། རང་ཅག་གི་སྤུན་ཟླ་ཚོས་རང་རེའི་སེམས་ཤུགས་ཉམས་པར་བྱས་ཏེ་ན་རེ། ཡུལ་དེའི་མི་རྣམས་ནི་རང་ཅག་ལས་ཆེ་ཞིང་གཟུགས་རིང་ལ། དེ་དག་གི་གྲོང་ཁྱེར་རྣམས་ཀྱང་ཆེ་ཞིང་བརྟན་པོ་ཡིན་པ་དང་ལྕགས་རི་གནམ་ལ་ཟུག་ཡོད། ང་ཚོས་ཡུལ་དེ་རུ་ཨ་ནག་རིགས་ཀྱི་བུ་རྒྱུད་རྣམས་ཀྱང་མཐོང་བྱུང་ཟེར་ཞེས་སྨྲས་སོ། །
29 དེ་ནས་བདག་གིས་ཁྱོད་རྣམས་ལ། དེ་དག་ལ་མ་འཇིགས་མ་དངང་ཞིག 30 ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་སྟེ་ཁྱོད་རྣམས་ཀྱི་སྔོན་དུ་ཕེབས་པ་ཁོང་གིས། ཨེ་ཅིབ་ཡུལ་ནས་ཁྱོད་ཅག་གི་མཐོང་ངོར་ཁྱོད་ཚོའི་ཆེད་དུ་ཇི་ལྟར་འཐབ་འཛིང་མཛད་པ་བཞིན་དུ་མཛད་ངེས་ཡིན། 31 དེར་མ་ཟད་དབེན་སྟོང་དུའང་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ཇི་ལྟར་ཁྲིད་པ་ཁྱོད་རྣམས་ཀྱིས་མཐོང་ཡོད་དེ། ཕ་ཡིས་རང་གི་བུ་རྒྱབ་ལ་ཁུར་ནས་སྐྱོད་པ་ལྟར། ཁོང་གིས་ཁྱོད་ཅག་ཁྲིད་ནས་གནས་འདིར་སླེབས་པ་ཡིན་ཞེས་སྨྲས་པའོ། ། 32 དེ་བཞིན་ཡིན་ནའང་ཁྱོད་རྣམས་ཀྱིས་ད་དུང་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་ཡིད་ཆེས་མི་བྱེད། 33 ཁྱོད་རྣམས་ལམ་དུ་སྐྱོད་པའི་དུས་སུ་ཁོང་ཁྱོད་ཅག་གི་མདུན་དུ་ཕེབས་ཤིང་ཁྱོད་རྣམས་ལ་སྒར་རྒྱག་སའི་གནས་བཙལ་བ་དང་། མཚན་མོ་མེའི་ཀ་བ་དང་ཉིན་དཀར་སྤྲིན་གྱི་ཚུལ་དུ་ཁྱོད་རྣམས་ལ་ལམ་སྟོན་མཛད་དོ། །
ཡེས་ར་ཨེལ་གྱི་ངོ་རྒོལ་ལ་ཉེས་ཆད་བཅད་པ།
34 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱིས་གཏམ་བཤད་པའི་སྐད་གསན་ནས་ཐུགས་ཁྲོས་ཤིང་མནའ་བཞེས་ཏེ་འདི་སྐད་དུ། 35 མི་རབས་ངན་པ་འདི་ལས་གཅིག་གིས་ཀྱང་བདག་གིས་ཁོ་རྣམས་ཀྱི་ཕ་མེས་ལ་སྦྱིན་པར་མནའ་དང་བཅས་ཁས་བླངས་པའི་ཡུལ་བཟང་པོ་དེ་མཐོང་མི་ནུས། 36 ཡེ་ཕུན་ནེའི་བུ་ཀཱ་ལེབ་གཅིག་པུས་མཐོང་ནུས། ཁོ་རང་རྩེ་གཅིག་གིས་ཡ་ཝཱེ་བདག་གི་རྗེས་སུ་འབྲངས་པས། ཁོས་རྐང་པ་སྤོས་མྱོང་བའི་ཡུལ་ཐམས་ཅད་བདག་གིས་ཁོ་དང་ཁོའི་བུ་རྒྱུད་ལ་སྦྱིན་པར་བྱའོ་ཞེས་གསུངས་སོ། ། 37 ཁྱོད་ཅག་གི་རྐྱེན་གྱིས་དཀོན་མཆོག་ཡ་ཝཱེ་ངའི་སྟེང་ལའང་ཐུགས་ཁྲོས་ནས་འདི་སྐད་དུ། ཁྱོད་ཀྱང་ཡུལ་དེར་འགྲོ་མི་ནུས། 38 འོན་ཀྱང་ཁྱོད་ཀྱི་མདུན་དུ་ལངས་ནས་ཁྱོད་ལ་ཞབས་ཕྱི་སྒྲུབ་མཁན་ཏེ་ནུན་གྱི་བུ་ཡོ་ཤུ་ཨ་ནི་ཡུལ་དེར་འགྲོ་དགོས། ཡང་ཁོས་ཡུལ་དེ་ཡེས་ར་ཨེལ་ལ་དབང་བར་བྱེད་པས། ཁྱོད་ཀྱིས་ཁོ་ལ་སྐུལ་འདེད་གཏོང་བར་གྱིས། 39 ཡང་ཁྱོད་ཅག་གི་བྱིས་པ་རྣམས་ཏེ་བཙན་ཁྲིད་བྱས་འགྲོ་སྙམ་པ་དག་དང་། ཁྱོད་ཅག་གི་བུ་དང་བུ་མོ་རྣམས་ཏེ་དེ་རིང་ད་དུང་བཟང་ངན་གྱི་དབྱེ་བ་མི་འཁོར་བ་རྣམས་ཐམས་ཅད་ཡུལ་དེར་འགྲོ་ངེས། ངས་ཡུལ་དེ་ཁོ་རྣམས་ལ་སྦྱིན་པར་བྱ་ཞིང་ཁོ་ཚོས་ཡུལ་དེ་འཛིན་པར་འགྱུར། 40 ཁྱོད་རྣམས་ནི་ཁ་ཕྱིར་འཁོར་ནས་རྒྱ་མཚོ་དམར་པོའི་ལམ་བརྒྱུད་དེ་དབེན་སྟོང་དུ་ཆས་དགོས་ཞེས་གསུངས་སོ། །
41 དེའི་དུས་སུ་ཁྱོད་རྣམས་ཀྱིས་ལན་དུ། ང་ཚོས་དཀོན་མཆོག་ཡ་ཝཱེ་ལ་འགལ་བའི་སྡིག་པ་བྱས་པ་ཡིན། ད་ནི་རང་ཅག་གི་དཀོན་མཆོག་ཡ་ཝཱེའི་བསྒོ་བ་ཐམས་ཅད་བཞིན་ཡར་སོང་ནས་འཐབ་འཛིང་བྱེད་འདོད་ཅེས་སྨྲས་ཏེ། ཁྱོད་རྣམས་ཀྱིས་མཚོན་ཆ་བཏགས་ནས་འཚབ་འཚུབ་ངང་རི་ལ་ཕྱིན་པའོ། ། 42 དཀོན་མཆོག་ཡ་ཝཱེས་བདག་ལ་འདི་སྐད་དུ། ཁྱོད་ཀྱིས་ཁོ་རྣམས་ལ་འདི་ལྟར་སྨྲོས་ཤིག ཁྱོད་རྣམས་ཡར་མ་འགྲོ། འཐབ་འཛིང་ཡང་མ་བྱེད། གང་ལ་ཞེ་ན། ང་རང་ཁྱོད་ཅག་གི་དཀྱིལ་དུ་མེད་པས་ཁྱོད་རྣམས་དགྲ་བོའི་མདུན་ནས་ཕམ་པར་འགྱུར་ཉེན་ཡོད་ཅེས་པའོ་ཞེས་གསུངས་སོ། ། 43 དེ་ནས་ངས་ཁྱོད་ཅག་ལ་གཏམ་དེ་སྨྲས་ནའང་ཁྱོད་རྣམས་ཀྱིས་མ་མཉན་པར། དཀོན་མཆོག་ཡ་ཝཱེའི་བཀའ་དང་འགལ་ནས་རང་དགར་ཡར་རི་ལ་འགོས་པ་དང་། 44 རི་ལ་གནས་པའི་ཨེ་མོར་པ་རྣམས་ཡོང་ནས་ཁྱོད་རྣམས་ལ་རྒོལ་ཞིང་། ཁྱོད་ཅག་འབུ་སྦྲང་གིས་འདེད་པ་ལྟར་བྱས་པ་དང་། སེ་ཨིར་ནས་ཧོར་མཱའི་བར་དུ་ཁྱོད་རྣམས་ཕམ་པར་བརྒྱབ། 45 དེ་ནས་ཁྱོད་རྣམས་ཕྱིར་ལོག་ནས་དཀོན་མཆོག་ཡ་ཝཱེའི་སྤྱན་དྲུང་དུ་ངུས་ནའང་། དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་སྐད་ལ་མ་གསན། སྙན་ཡང་མ་གཏད། 46 ཁྱོད་རྣམས་དེ་བཞིན་ཀཱ་དེའེ་ཤཱ་ནས་ཉིན་མང་པོར་ལུས་ཤིང་དེར་གནས་པའོ། །