ལེའུ་དྲུག་པ།
དཀོན་མཆོག་ལ་རྩེ་གཅིག་གིས་དགའ་བར་གདམས་པ།
འདི་ནི་ཁྱོད་ཅག་གི་ཆེད་དུ་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ང་ལ་གསུངས་པའི་བཀའ་རྒྱ་དང་། སྒྲིག་ཁྲིམས་དང་། སྲོལ་ཡིག་བཅས་ཡིན་ལ། ཁྱོད་ཅག་གིས་ཕར་ཕྱོགས་ནས་བདག་པོ་རྒྱག་པའི་ཡུལ་དུ་དེ་དག་བསྲུང་དགོས། ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་དང་ཁྱོད་རྣམས་ཀྱི་བུ་རབས་ཚ་རྒྱུད་དག་གིས་ནམ་འཚོའི་བར་དུ། ངས་ཁྱོད་ཅག་ལ་བསྒོས་པའི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་སྒྲིག་ཁྲིམས་ཐམས་ཅད་དང་། བཀའ་རྣམས་བསྲུངས་ནས་ཁོང་ལ་གུས་ཤིང་འཇིགས་པ་ཡིན་ན་ཁྱོད་ཅག་ཚེ་ཐག་རིང་ངོ་། ། ཀྱེ་ཡེས་ར་ཨེལ་པ་རྣམས། ཁྱོད་ཅག་གིས་དེ་རྣམས་ཐོས་པ་དང་ཇི་ལྟར་བསྲུང་བར་གཟབ་གཟབ་གྱིས་དང་། ཁྱོད་རྣམས་ཀྱི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེས་ཞལ་གྱིས་བཞེས་པ་བཞིན། འོ་མ་དང་སྦྲང་རྩི་བཞུར་བའི་ཡུལ་ནས་སྐྱིད་ལ་རོལ་ཞིང་མི་གྲངས་མང་དུ་འཕེལ་བར་འགྱུར་རོ། །
ཀྱེ་ཡེས་ར་ཨེལ་པ་རྣམས་ཀྱིས་ཉོན་ཅིག བདག་ཅག་གི་དཀོན་མཆོག་ཡ་ཝཱེ་ནི་ཡ་ཝཱེ་གཅིག་པུ་ལགས་ཤིང་། ཁྱོད་ཀྱིས་རང་གི་དཀོན་མཆོག་ཡ་ཝཱེ་ལ་བློ་གཅིག་སེམས་གཅིག་དང་སྟོབས་ཤུགས་ཡོད་རྒུས་གཅེས་ཤིག ངས་དེ་རིང་ཁྱོད་ཅག་ལ་བསྒོས་པའི་བཀའ་དེ་རྣམས་སེམས་ལ་ཟུངས་ཤིག ཁྱོད་རྣམས་རང་ཁྱིམ་ནས་འདུག་དུས་དང་ལམ་དུ་འགྲོ་དུས་དང་། མར་ཉལ་དུས་དང་། ཡར་ལངས་དུས་ནམ་ཡིན་ཡང་བཀའ་དེ་རྣམས་ཁྱོད་ཅག་གིས་རང་གི་བུ་དང་བུ་མོ་རྣམས་ལ་གླེང་ནས་ཆད་མེད་དུ་འཁྲིད་དགོས། ཁྱོད་རྣམས་ཀྱིས་བཀའ་དེ་རྣམས་རང་གི་ལག་པར་དཀྲིས་ནས་རྟགས་མཚན་དུ་བྱེད་པ་དང་། དེ་རྣམས་དཔྲལ་བར་དཀྲི་དགོས། ཁྱོད་རྣམས་ཀྱི་ཁང་པའི་སྒོ་འགྲམ་དང་མཁར་སྒོའི་སྟེང་དུའང་འབྲི་དགོས་སོ། །
10 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ཁྲིད་ནས་འགྲོ་ངེས་པའི་ཡུལ་ཏེ། ཁོང་གིས་ཁྱོད་ཅག་གི་ཕ་མེས་ཨབ་ར་ཧམ་དང་ཨི་སཱག ཡ་ཀོབ་བཅས་ལ་ཁྱོད་རྣམས་ལ་གནང་བར་མནའ་བཞེས་ཡོད་པའི་ཡུལ་དེ་རུ་ཁྱོད་རྣམས་ཀྱིས་བརྩིགས་པ་མ་ཡིན་པའི་གྲོང་ཁྱེར་ཆེན་པོ་དང་ཁྱད་མཚར་ཅན་ཡོད་ལ། 11 ཁྱོད་རྣམས་ཀྱིས་བསགས་པ་མ་ཡིན་པའི་རྒྱུ་ནོར་སྣ་ཚོགས་ཀྱིས་གང་བའི་ཁང་པ་དང་། ཁྱོད་རྣམས་ཀྱིས་བརྐོས་པ་མ་ཡིན་པའི་ཁྲོན་པ་དང་། ཁྱོད་རྣམས་ཀྱིས་བཙུགས་པ་མ་ཡིན་པའི་རྒུན་ཚལ་དང་སྐྱུ་རུ་རའི་ལྗོན་ཤིང་རྣམས་ཡོད་ཅིང་། ཁྱོད་རྣམས་ཀྱིས་དེ་དག་ཡིད་ཚིམ་པར་སྤྱད་ཆོག 12 ཁྱོད་ཅག་ཨེ་ཅིབ་ཡུལ་གྱི་བྲན་དུ་བཀོལ་བའི་གནས་ནས་ཕྱི་རུ་ཁྲིད་ཡོང་མཁན་དཀོན་མཆོག་ཡ་ཝཱེ་ཁོང་ཉིད་མི་བརྗེད་པའི་ཆེད་དུ་ཁྱོད་རྣམས་ཀྱིས་གཟབ་གཟབ་གྱིས་ཤིག 13 ཁྱོད་རྣམས་ཀྱིས་རང་གི་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་པ་དང་། ཁོང་ལ་བསྙེན་བཀུར་བྱེད་ཅིང་། ཁོང་གི་མཚན་ལ་བརྟེན་ནས་མནའ་བསྐྱལ་དགོས་སོ། ། 14 ཁྱོད་རྣམས་ཀྱི་མཐའ་འཁོར་དུ་ཡོད་པའི་མི་རིགས་སོ་སོའི་ལྷ་རྣམས་ཀྱི་རྗེས་སུ་འབྲང་མི་རུང་། 15 གང་ལ་ཞེ་ན། ཁྱོད་རྣམས་ཀྱི་ཁྲོད་དུ་བཞུགས་པའི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ནི་དཀོན་མཆོག་ཕྲག་དོག་ཅན་ཞིག་ཡིན་ནོ། །དེ་ལྟར་མ་བྱས་ན་ཁོང་ཁྱོད་རྣམས་ལ་ཁྲོས་ནས་ཁྱོད་ཅག་ས་གཞིའི་སྟེང་ནས་མེད་པར་མཛད་ངེས་སོ། །
16 ཁྱོད་ཅག་གིས་མཱ་སཱ་བྱ་བའི་ཡུལ་དུ་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་ཚོད་བགམ་བྱས་པ་ལྟར་ཁོང་ལ་ཚོད་བགམ་མ་བྱེད། 17 ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གནང་བའི་བཀའ་རྣམས་དང་དཔང་ཡིག སྒྲིག་ཁྲིམས་བཅས་ནི་བརྟན་པོར་སྲུངས་ཤིག 18 ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་དྲང་པོ་དང་བཟང་པོ་གང་ཡིན་པ་དེ་བྱེད་དགོས་ལ། དེ་ལྟར་བྱས་ན་ཁྱོད་རྣམས་ཀྱིས་སྐྱིད་ལ་རོལ་ཐུབ་པར་མ་ཟད། དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་མེས་པོ་རྣམས་ལ་མནའ་དང་བཅས་ཞལ་བཞེས་གནང་བའི་ཡུལ་བཟང་པོ་དེར་སོང་ནས་དེ་བདག་གིར་འཛིན་ཐུབ་པ་དང་། 19 དཀོན་མཆོག་ཡ་ཝཱེས་གསུངས་པ་ནང་བཞིན་ཁྱོད་རྣམས་ཀྱི་དགྲ་བོ་ཐམས་ཅད་ཁྱོད་ཅག་གི་མདུན་ནས་སྐྲོད་པར་བྱའོ། །
20 ཕྱིས་སུ་ཁྱོད་རྣམས་ཀྱི་བུ་ཡིས་རང་ཅག་གི་དཀོན་མཆོག་ཡ་ཝཱེས་བསྒོས་པའི་དཔང་ཡིག་དང་སྒྲིག་ཁྲིམས། སྲོལ་ཡིག་འདི་རྣམས་ཅི་ཡིན་ཞེས་དྲིས་ན། 21 ཁྱོད་རྣམས་ཀྱིས་རང་གི་བུ་ལ། སྔར་རང་ཅག་ཨེ་ཅིབ་ཡུལ་ནས་ཕཱར་ཨོལ་གྱི་བྲན་གཡོག་བྱས་མྱོང་། ཡིན་ནའང་དཀོན་མཆོག་ཡ་ཝཱེའི་མཐུ་སྟོབས་ཆེན་པོའི་ཕྱག་གིས་རང་ཅག་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོངས་པ་ཡིན། 22 དཀོན་མཆོག་ཡ་ཝཱེས་རང་ཅག་གི་མིག་ལམ་དུ་ཨེ་ཅིབ་ཡུལ་དང་ཕཱར་ཨོལ་དང་། དེའི་ཁྱིམ་གང་པོར་འཇིགས་སུ་རུང་བའི་གྲུབ་རྟགས་དང་དོན་ངོ་མཚར་ཅན་ཆེན་པོ་བསྟན། 23 ཁོང་གིས་རང་ཅག་ནི་མེས་པོ་རྣམས་ལ་མནའ་དང་བཅས་ཞལ་བཞེས་གནང་བའི་ཡུལ་དུ་ཁྲིད་ནས་དེ་རང་ཅག་ལ་གནང་བའི་ཕྱིར་དུ། རང་ཅག་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོངས་པ་ཡིན། 24 ཡང་དེ་རིང་ཉིན་མོ་ལྟར་རང་ཅག་གིས་རྟག་ཏུ་སྐྱིད་ལ་རོལ་ནས་གསོན་པོར་གནས་ཐུབ་པའི་ཕྱིར་དུ། དཀོན་མཆོག་ཡ་ཝཱེས་རང་ཅག་ལ་སྒྲིག་ཁྲིམས་འདི་ཐམས་ཅད་བསྲུང་དགོས་པ་དང་། རང་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་དགོས་པར་གསུངས་ཡོད། 25 གལ་སྲིད་རང་ཅག་གིས་དཀོན་མཆོག་ཡ་ཝཱེས་གསུངས་པ་ཇི་བཞིན་ཁོང་གི་དྲུང་དུ་བཀའ་ཐམས་ཅད་བསྲུངས་པ་ཡིན་ན། དེ་ནི་རང་ཅག་གི་དྲང་བདེན་ཡིན་ནོ་ཞེས་སྨྲ་བར་བྱའོ། །