ལེའུ་བརྒྱད་པ།
དཀོན་མཆོག་ཡ་ཝཱེ་དྲན་དགོས་པར་གདམས་པ།
ཁྱོད་རྣམས་འཚོ་ཞིང་དར་ངེས་ཡིན་པ་དང་། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་གི་མེས་པོ་རྣམས་ལ་གནང་བར་མནའ་བཞེས་པའི་ཡུལ་དེ་རུ་སོང་ནས་ཡུལ་དེ་བདག་གིར་འཛིན་པར་འགྱུར་བའི་ཕྱིར། ངས་དེ་རིང་ཁྱོད་རྣམས་ལ་བསྒོས་པའི་བཀའ་ཐམས་ཅད་གཟབ་གཟབ་བྱས་ནས་བསྲུང་དགོས་སོ། ། ཡང་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་སྙེམ་ཆུང་དུ་མཛད་ནས་ཁྱོད་ཅག་ལ་བརྟག་པ་དང་། ཁྱོད་རྣམས་ཀྱི་སེམས་ཅི་འདྲ་ཡིན་པ་དང་། ཁོང་གི་བཀའ་བརྩི་མི་བརྩི་ཤེས་པའི་ཆེད་དུ། ཁོང་གིས་ལོ་ངོ་བཞི་བཅུའི་རིང་དབེན་སྟོང་ནས་ཇི་ལྟར་ཁྱོད་རྣམས་ལ་ལམ་སྟོན་མཛད་པ་ཐམས་ཅད་དྲན་པར་བྱའོ། ། ཁོང་གིས་ཁྱོད་ཅག་སྙེམ་ཆུང་དུ་མཛད་དེ་བཀྲེས་ལྟོགས་མྱོང་དུ་བཅུག་ནས། ཁྱོད་ཅག་དང་ཁྱོད་ཅག་གི་མེས་པོ་རྣམས་ལ་རྒྱུས་མེད་པའི་མཱན་ནཱ་ཁྱོད་ཅག་ལ་ཁ་ཟས་སུ་གནང་སྟེ། མི་ནི་བག་ལེབ་ཁོ་ནར་བརྟེན་ནས་འཚོ་བ་མ་ཡིན་པར། དཀོན་མཆོག་ཡ་ཝཱེའི་ཞལ་ནས་བྱུང་བའི་བཀའ་ཐམས་ཅད་ལ་བརྟེན་ནས་འཚོ་བ་ཡིན་པ་ཁྱོད་རྣམས་ལ་ཤེས་སུ་འཇུག་པའོ། ། ལོ་ངོ་བཞི་བཅུའི་རིང་ལ་ཁྱོད་ཅག་གི་གྱོན་གོས་རྣམས་མ་རལ་ཞིང་། རྐང་པ་ཡང་མ་སྐྲངས། དེ་བས་མི་ཡིས་རང་གི་བུ་ལ་གཅུན་པ་བཞིན། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་བཅུན་ནས་འོངས་པ་སེམས་ལ་ངེས་དགོས། ཁྱོད་རྣམས་ཀྱིས་རང་གི་དཀོན་མཆོག་ཡ་ཝཱེའི་བཀའ་རྣམས་བསྲུང་དགོས་ལ་ཁོང་གི་ལམ་དུ་བསྐྱོད་དགོས་ཤིང་། ཁོང་ལ་གུས་ཤིང་འཇིགས་པར་བྱའོ། ། ཅི་ལ་ཞེ་ན། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ཡུལ་བཟང་པོ་དེར་ཁྲིད་ནས་འགྲོ་ཞིང་། ཡུལ་དེ་རུ་གཙང་པོ་དང་ཆུ་མིག འཁྱིལ་ཆུ་བཅས་ཡོད་ལ། གྲོག་ལུང་དང་རི་བོ་རྣམས་ལས་ཆུ་བཞུར་བའོ། ། ས་ཆ་དེ་རུ་གྲོ་དང་ནས། རྒུན་འབྲུམ་ཤིང་། སེ་ཡབ་དང་སེ་འབྲུ་སྡོང་པོ། སྐྱུ་རུ་རའི་སྣུམ་དང་སྦྲང་རྩི་བཅས་ཡོད་ལ། ཡུལ་དེར་ཁྱོད་རྣམས་ལ་འདང་ངེས་པའི་ཁ་ཟས་སྣ་ཚོགས་ཡོད་ལ་མི་འདང་བ་ཅི་ཡང་མེད། ཡུལ་དེའི་རྡོ་རྣམས་ལྕགས་ཡིན་པ་དང་། རི་བོ་རྣམས་ལས་ཟངས་བསྔོག་ཐུབ། 10 ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཡུལ་བཟང་པོ་དེ་ཁྱོད་རྣམས་ལ་གནང་བས། ཁྱོད་ཅག་གིས་ཟོས་ནས་འགྲང་ཚེ་ཁོང་ལ་བསྟོད་པ་འབུལ་དགོས་སོ། །
11 ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ནི་ཁྱོད་རྣམས་ཀྱིས་བརྗེད་པར་མི་འགྱུར་བ་དང་། ངས་དེ་རིང་ཁྱོད་རྣམས་ལ་བསྒོས་པའི་བཀའ་རྒྱ་དང་སྲོལ་ཡིག སྒྲིག་ཁྲིམས་རྣམས་བསྲུང་བའི་ཆེད་དུ། ཁྱོད་རྣམས་ཀྱིས་གཟབ་གཟབ་བྱེད་དགོས། 12 དེ་ལྟར་མིན་ཚེ་ཁྱོད་རྣམས་ཀྱིས་ཟོས་ནས་འགྲང་ཞིང་། ཁང་པ་ཡག་པོ་བརྩིགས་ནས་དེའི་ནང་དུ་བསྡད་པ་དང་། 13 ཁྱོད་རྣམས་ཀྱི་བ་ཁྱུ་དང་ར་ལུག་གི་ཁྱུ་འཕེལ་ནས་གསེར་དངུལ་མང་དུ་ཕྱིན་ཏེ། ཁྱོད་རྣམས་ལ་ཡོད་པ་ཐམས་ཅད་འཕེལ་ཞིང་རྒྱས་པའི་དུས་སུ། 14 ཁྱོད་རྣམས་ཀྱི་སེམས་སུ་ང་རྒྱལ་གྱིས་ཁེངས་ནས་ཁྱོད་རྣམས་ཨེ་ཅིབ་ཡུལ་གྱི་བྲན་དུ་བཀོལ་བའི་གནས་ནས་ཕྱི་རུ་ཁྲིད་འོང་མཁན་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་བརྗེད་པར་འགྱུར་ངེས། 15 ཁོང་གིས་ཁྱོད་ཅག་ལ་ལམ་སྟོན་མཛད་དེ་འཇིགས་སུ་རུང་བའི་དབེན་སྟོང་ཆེན་པོ་དེ་བརྒལ་བ་དང་། དེ་རུ་དུག་སྦྲུལ་དང་སྡིག་པ་ར་ཙ་དང་། ཐན་པ་ཆེ་ཞིང་ཆུ་མེད་པའི་གནས་བཅས་ཡོད་ལ། ཁྱོད་རྣམས་ཀྱི་ཆེད་དུ་སྲ་མཁྲེགས་ཀྱི་བྲག་གསེང་ནས་ཆུ་བཏོན་པ་རེད། 16 ཡང་ཁྱོད་ཅག་སྙེམ་ཆུང་དུ་མཛད་ནས་ཁྱོད་རྣམས་ལ་བརྟག་པ་དང་། ཁྱོད་རྣམས་ལ་དུས་གཏན་དུ་བདེ་བ་འཐོབ་པའི་ཆེད་དུ། ཁོང་གིས་དབེན་སྟོང་ནས་ཁྱོད་ཅག་གི་མེས་པོ་རྣམས་ལ་རྒྱུས་མེད་པའི་མཱན་ནཱ་ཁྱོད་ཅག་ལ་ཁ་ཟས་སུ་གནང་བའོ། ། 17 དེ་ལྟར་མ་བྱས་ཚེ། ཁྱོད་རྣམས་ཀྱི་སེམས་སུ་ངའི་སྟོབས་དང་ལག་པའི་རྩལ་ལ་བརྟེན་ནས་ང་རང་ཕྱུག་པོ་ཆགས་པ་ཡིན་སྙམ་ཡང་སྲིད། 18 ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ནི་ཁྱོད་རྣམས་ཀྱིས་དྲན་དགོས་ཏེ། ཅི་ལ་ཞེ་ན། ཁོང་གིས་དེ་རིང་མཛད་པ་ནང་བཞིན་ཁྱོད་ཅག་གི་མེས་པོ་རྣམས་ལ་མནའ་བཞེས་ཏེ་མཛད་པའི་ཞལ་ཆད་བརྟན་པོར་བཟོ་བའི་ཆེད་དུ། ཁྱོད་རྣམས་ཕྱུག་པོ་ཆགས་པའི་ནུས་པ་ནི་ཁོང་གིས་གནང་བ་ཡིན་ནོ། །
19 གལ་སྲིད་མ་འོངས་པ་ན་ཁྱོད་རྣམས་ཀྱིས་དངོས་གནས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་བརྗེད་པར་གྱུར་ཏེ་ལྷ་གཞན་གྱི་རྗེས་སུ་འབྲང་བ་དང་། དེ་དག་ལ་བསྙེན་བཀུར་བྱས་ནས་ཕྱག་བཙལ་ན། ཁྱོད་ཅག་ཡོངས་སུ་འཇིག་པར་འགྱུར་བ་ངས་དེ་རིང་ཁྱོད་རྣམས་ལ་བདེན་དཔང་བྱས་པ་ཡིན། 20 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་མདུན་དུ་མི་རིགས་རྣམས་ཅི་ལྟར་མེད་པར་མཛད་ན། ཁྱོད་རྣམས་ཀྱང་དེ་བཞིན་མེད་པར་མཛད་ངེས་ཡིན། ཅི་ལ་ཞེ་ན། ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་བཀའ་མ་བརྩིས་པའི་ཕྱིར་རོ། །