ལེའུ་བཅུ་བདུན་པ།
བ་གླང་དང་ར་ལུག་ཆག་སྐྱོན་ཅན་གང་ཡང་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་འབུལ་མི་རུང་། ཅི་ལ་ཞེ་ན། དེ་ལ་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་སྐྱུག་བྲོ་བ་ཡིན་ནོ། །
ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གནང་བའི་གྲོང་རྡལ་གང་རུང་དུ། ཁྱོད་རྣམས་ཀྱི་ནང་དུ་སྐྱེས་པ་དང་བུད་མེད་གང་ཡིན་ཡང་། སུ་ཞིག་གིས་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་ནས་ཁོང་གི་ཞལ་ཆད་དང་འགལ་ཏེ། སོང་སྟེ་ངས་བཀའ་མ་གནང་བའི་ལྷ་གཞན་དག་ལ་བསྙེན་བཀུར་བྱས་ནས་ཕྱག་བཙལ་བ་དང་། ཡང་ན་ཉི་མ་དང་ཟླ་བ། ནམ་མཁའི་ཚོགས་གང་རུང་བཅས་ལ་ཕྱག་བཙལ་ནས། གཏམ་དེ་ཁྱོད་རྣམས་ལ་སྨྲས་ཤིང་ཐོས་ཡོད་ན་དེར་རྩད་གཅོད་ཡག་པོ་བྱེད་དགོས་ལ། སྐྱུག་བྲོ་བའི་བྱ་སྤྱོད་དེ་ཡེས་ར་ཨེལ་གྱི་ནང་དུ་བྱུང་བ་བདེན་ཞིང་དོན་དངོས་ཡིན་ན། བྱ་བ་ངན་པ་དེ་བསྒྲུབས་པའི་སྐྱེས་པའམ་བུད་མེད་དེ་ཁྱོད་རྣམས་ཀྱི་མཁར་སྒོ་རུ་ཁྲིད་ནས་དེར་རྡོ་རུབ་བཏང་ནས་གསོད་དགོས། མི་གཉིས་སམ་གསུམ་གྱིས་བདེན་དཔང་བྱས་ན་ཤི་འོས་པའི་མི་དེ་གསོད་དགོས་ཀྱི། བདེན་དཔང་བྱེད་མཁན་མི་གཅིག་ལས་མེད་ན་མི་དེ་གསོད་མི་རུང་། མི་དེ་གསོད་དུས་དཔང་པོ་རྣམས་ཀྱིས་སྔོན་ལ་ལག་འགུལ་དགོས་ལ། དེའི་རྗེས་སུ་མི་ཀུན་གྱིས་ལག་རུབ་དགོས། དེ་ལྟར་ཁྱོད་རྣམས་ཀྱི་ཁྲོད་ནས་ངན་པ་རྩ་མེད་གཏོང་དགོས་སོ། །
གལ་སྲིད་ཁྱོད་རྣམས་ཀྱི་གྲོང་རྡལ་དུ་མི་བསད་པའམ་ཡང་ན་རྩོད་གླེང་དང་ཡང་ན་རྒོལ་རྡུང་སོགས་ཀྱི་དོན་རྐྱེན་བྱུང་སྟེ། ཁྱོད་རྣམས་ཀྱིས་ཐག་གཅོད་ཤིན་ཏུ་དཀའ་བར་གྱུར་ན། ཡར་ལངས་ནས་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་བདམས་པའི་གནས་སུ་འགྲོ་དགོས་ལ། ལེ་ཝི་པའི་མཆོད་དཔོན་དང་། སྐབས་དེའི་ཁྲིམས་དཔོན་གྱི་དྲུང་དུ་སོང་ནས་དེ་དག་ལ་བཀའ་འདྲི་ཞུ་དགོས་ཤིང་། ཁོ་ཚོས་ཁྱོད་རྣམས་ལ་གྱོད་གཞི་དེ་ཅི་ལྟར་ཐག་གིས་གཅོད་དགོས་པ་སྟོན་ངེས། 10 ཁྱོད་རྣམས་ཀྱིས་དེ་དག་གིས་དཀོན་མཆོག་ཡ་ཝཱེས་བདམས་པའི་ཡུལ་དེར་ཁྱོད་ཅག་ལ་བསྟན་པའི་བཀའ་བཞིན་བྱེད་དགོས་ཤིང་། དེ་དག་གིས་ཁྱོད་ཅག་ལ་ཅི་དང་ཅི་བསྟན་པ་བཞིན་དུ་གཟབ་གཟབ་ངང་བསྒྲུབ་པར་གྱིས་ཤིག 11 དེ་དག་གིས་ཁྱོད་རྣམས་ལ་བསླབས་པའི་བཀའ་ཁྲིམས་དང་། དེ་དག་གིས་ཁྱོད་རྣམས་ལ་སྨྲས་པའི་ཁྲིམས་གཅོད་བཞིན་དུ་བསྒྲུབ་དགོས། དེ་ཚོས་ཁྱོད་རྣམས་ལ་གནང་བའི་བཀའ་ལས་གཡས་གཡོན་གང་དུའང་གཟུར་མི་རུང་ངོ་། ། 12 གལ་སྲིད་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་མདུན་ནས་ཞབས་ཕྱི་སྒྲུབ་པར་འགྲེང་བའི་མཆོད་དཔོན་དང་། ཁྲིམས་འབྱེད་པའི་ཁ་ལ་མི་ཉན་པར་རང་དགར་སྤྱད་པ་སྤྱོད་མཁན་ཡོད་ན་མི་དེ་འཆི་ལམ་དུ་འཇུག་དགོས། དེ་ནས་ཁྱོད་རྣམས་ཀྱིས་ཡེས་ར་ཨེལ་གྱི་ཁྲོད་ནས་ངན་པ་མེད་པར་བྱེད་ནུས་སོ། ། 13 མི་ཀུན་གྱིས་དེ་ཐོས་པ་དང་འཇིགས་ནས་སླར་ཡང་རང་དགར་སྤྱད་པ་སྤྱོད་མཁན་ཡོད་པར་མི་འགྱུར་རོ། །
ཡེས་ར་ཨེལ་གྱི་རྒྱལ་རྒྱུད་སྐོར་གྱི་ཁྲིམས།
14 ཁྱོད་རྣམས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་གནང་བའི་ཡུལ་དུ་སླེབས་ནས་དེ་བདག་གིར་བཟུང་ཞིང་དེར་གཞིས་ཆགས་པའི་དུས་སུ། ཁྱོད་རྣམས་ཀྱིས་ང་ཚོའི་མཐའ་འཁོར་དུ་ཡོད་པའི་མི་རིགས་ཐམས་ཅད་དང་འདྲ་བར། ང་ཚོས་རང་ལ་སྲིད་སྐྱོང་བའི་རྒྱལ་པོ་ཞིག་བསྐོ་བར་བྱའོ་ཞེས་སྨྲ་བ་ཡིན་ན། 15 ཅི་ནས་ཀྱང་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་བདམས་པའི་རྒྱལ་པོ་ཞིག་འཇོག་དགོས། རྒྱལ་པོ་དེ་ཁྱོད་རྣམས་ཀྱི་སྤུན་ཟླའི་ཁྲོད་ནས་འཇོག་དགོས། ཁྱོད་རྣམས་ཀྱི་སྤུན་ཟླ་མིན་པའི་ཕྱི་ཕྱོགས་པ་ཞིག་ཁྱོད་ཅག་གི་གོང་ལ་འཇོག་མི་རུང་། 16 རྒྱལ་པོས་རང་གི་ཆེད་དུ་རྟ་མང་པོ་བསྒྲིག་པའམ། རྟ་བསྒྲིག་པའི་དོན་དུ་མི་རྣམས་ཕྱིར་ཨེ་ཅིབ་ཡུལ་ལ་འགྲོ་རུ་བཅུག་མི་ཆོག ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་ཕྱིན་ཆད་ལམ་དེ་ནས་ཕྱིར་ལོག་མི་རུང་ཞེས་བཀའ་གནང་བའི་ཕྱིར་རོ། ། 17 ཁོའི་སེམས་ཡ་ཝཱེ་དང་མི་འབྲལ་བའི་ཆེད་དུ་རང་ལ་བཙུན་མོ་མང་པོ་བསྟེན་མི་རུང་ལ། རང་ཉིད་ལ་གསེར་དངུལ་ཧ་ཅང་མང་པོ་ཡང་བསོག་མི་རུང་ངོ་། ། 18 ཁོ་རྒྱལ་ཁྲིར་བསྡད་པའི་ཚེ། ལེ་ཝི་ཚོ་པའི་མཆོད་དཔོན་རྣམས་ཀྱི་དྲུང་གི་བཀའ་ཁྲིམས་འདི་རང་གི་ཆེད་དུ་བཤུས་ནས་ཤོག་དྲིལ་བཟོ་དགོས། 19 ཤོག་དྲིལ་དེ་རང་དང་མཉམ་དུ་འཇོག་དགོས་ལ། མི་ཚེ་གང་པོར་བསྒྲག་དགོས། དེ་ནས་རང་གི་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་ནས་བཀའ་ཁྲིམས་ཀྱི་མདོ་ཡི་བཀའ་དང་སྒྲིག་ཁྲིམས་ཐམས་ཅད་བསྲུངས་ནས་བསླབ་དགོས། 20 དེ་ལྟར་བྱས་ན་ཁོའི་སེམས་སུ་ང་རྒྱལ་སྐྱེས་ནས་རང་གི་སྤུན་ཟླར་མཐོང་ཆུང་མི་བྱེད་ཅིང་། བཀའ་རྒྱ་འདི་ལས་གཡས་གཡོན་གང་དུའང་མི་གཟུར་བར། ཁོ་དང་ཁོའི་བུ་རབས་ཚ་རྒྱུད་རྣམས་ཡེས་ར་ཨེལ་དུ་རང་གི་རྒྱལ་སྲིད་བསྐྱངས་ནས་ཚེ་ཐག་རིང་བར་འགྱུར་རོ། །