ལེའུ་ཉེར་གསུམ་པ།
འདུ་ཚོགས་ལ་ཞུགས་མི་ཆོག་པ་རྣམས།
སྒོང་རྡོག་ལ་རྨས་སྐྱོན་བྱུང་བ་དང་ཕོ་མཚན་བཅད་པ་རྣམས་ནི་དཀོན་མཆོག་ཡ་ཝཱེའི་འདུ་ཚོགས་ལ་ཞུགས་མི་རུང་།
ནལ་ཕྲུག་རྣམས་དཀོན་མཆོག་ཡ་ཝཱེའི་འདུ་ཚོགས་ལ་ཡོང་མི་རུང་ལ། དེའི་མི་རབས་བཅུའི་རིང་གི་བུ་རྒྱུད་རྣམས་ཀྱང་དཀོན་མཆོག་ཡ་ཝཱེའི་འདུ་ཚོགས་ལ་ཞུགས་མི་རུང་།
ཨམ་མོན་པའམ་མོ་ཨབ་པ་རྣམས་དཀོན་མཆོག་ཡ་ཝཱེའི་འདུ་ཚོགས་ལ་ཞུགས་མི་རུང་ལ། དེ་དག་གི་མི་རབས་བཅུའི་རིང་གི་བུ་རྒྱུད་རྣམས་ཀྱང་དཀོན་མཆོག་ཡ་ཝཱེའི་འདུ་ཚོགས་ལ་ནམ་ཡང་ཞུགས་མི་རུང་། གང་ལ་ཞེ་ན། ཁྱོད་ཅག་ཨེ་ཅིབ་ཡུལ་ནས་ཕྱི་རོལ་ཏུ་ཐོན་སྐབས། དེ་དག་གིས་བག་ལེབ་དང་ཆུ་ཁུར་ནས་ལམ་ཁར་ཁྱོད་རྣམས་མ་བསུས་པར། ཆུ་བོ་གཉིས་བར་གྱི་མེ་སོ་པོ་ཐེམ་ཡཱ་ཡི་ཕེ་ཐོར་ཞེས་པར་པེ་ཨོར་གྱི་བུ་པེལ་ཨམ་ཁྱོད་རྣམས་ལ་རྒོལ་ནས་དམོད་པར་གླས་པའི་ཕྱིར་རོ། ། འོན་ཀྱང་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་པེལ་ཨམ་གྱི་གཏམ་ལ་གསན་མི་འདོད་དེ། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཁྱོད་ཅག་ལ་བརྩེ་བ་ཆེ་བས། ཁོང་གིས་དམོད་མོ་དེ་ཁྱོད་ཅག་ལ་བྱིན་རླབས་སུ་བསྒྱུར། ཁྱོད་རྣམས་ཀྱིས་མི་ཚེ་གང་པོར་དེ་དག་ལ་ཞི་བདེ་དང་བདེ་སྐྱིད་འཚོལ་མི་དགོས་སོ། །
ཨེ་དོམ་པ་ནི་ཁྱོད་རྣམས་ཀྱི་སྤུན་ཟླ་ཡིན་པས་དེ་ལ་ཞེན་ལོག་མི་རུང་ལ། ཨེ་ཅིབ་པའི་ཡུལ་དུ་ཁྱོད་རྣམས་བྱེས་པ་ཡིན་པས་ཁོ་རྣམས་ལའང་ཞེན་ལོག་མི་རུང་། དེ་དག་ལས་སྐྱེས་པའི་བུ་རབས་ཚ་རྒྱུད་མི་རབས་གསུམ་པ་དེ་དཀོན་མཆོག་ཡ་ཝཱེའི་འདུ་ཚོགས་སུ་ཞུགས་རུང་བའོ། །
ཁྱོད་རྣམས་ཀྱིས་དམག་དྲངས་ནས་དགྲ་རྣམས་ལ་རྒོལ་བར་འགྲོ་བའི་དུས་སུ། རང་ཉིད་དོན་ངན་པ་ཐམས་ཅད་ནས་ཅིས་ཀྱང་བསྲུང་དགོས། 10 གལ་སྲིད་ཁྱོད་ཅག་གི་ཁྲོད་དུ་མི་ཞིག་གིས་མཚན་མོར་རྨི་ལམ་དུ་ཐིག་ལེ་ཤོར་ནས་མི་གཙང་བར་གྱུར་ན། མི་དེ་སྒར་ཁའི་ཕྱི་ལ་འགྲོ་དགོས་ཤིང་། སྒར་ནང་དུ་ཡོང་མི་རུང་། 11 འོན་ཀྱང་ས་སྲོས་ཀྱི་དུས་སུ་མི་དེས་རང་ཉིད་ལ་ཁྲུས་རྒྱག་དགོས་པ་དང་། ཉི་མ་ནུབ་རྗེས་ཁོ་སྒར་ཁ་རུ་ཡོང་ཆོག་གོ །
12 ཁྱོད་རྣམས་ལ་སྒར་ཁའི་ཕྱི་རོལ་ཏུ་གསང་སྤྱོད་ཡོད་དགོས་ཤིང་དེར་སོང་ནས་ཆབ་གསང་ལ་བསྡད་ཆོག 13 ལག་ཆའི་ཁྲོད་དུ་ཁྱོད་རྣམས་ལ་ཁྱེམ་བུ་ཞིག་ཡོད་དགོས་ལ། ཁྱོད་རྣམས་ཀྱིས་ཕྱི་རོལ་ཏུ་བཙོག་པ་བཏང་རྗེས་དེས་ས་བརྐོས་ནས་བཤང་གཅི་འགེབ་དགོས། 14 ཅི་ལ་ཞེ་ན། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་རྟག་ཏུ་ཁྱོད་ཅག་གི་སྒར་ཁའི་དཀྱིལ་ནས་ཕེབས་ཤིང་། ཁྱོད་རྣམས་བསྒྲལ་ནས་ཁྱོད་ཅག་གི་དགྲ་རྣམས་ཁྱོད་ཅག་ལ་སྤྲོད་པར་མཛད་དགོས། ཁོང་གིས་རྫས་མི་གཙང་བ་གང་ཞིག་ཁྱོད་རྣམས་ཀྱི་ཁྲོད་ནས་གཟིགས་པ་ཡིན་ན། ཁྱོད་རྣམས་དང་འབྲལ་བར་འགྱུར་བས་ཁྱོད་ཅག་གི་སྒར་ཁ་ནི་གཙང་མ་ཡིན་དགོས་སོ། །
སྒྲིག་ཁྲིམས་གཞན་རྣམས།
15 གལ་སྲིད་བྲན་པོ་ཞིག་རང་གི་བདག་པོར་བྲལ་ནས་ཁྱོད་རྣམས་ཀྱི་དྲུང་དུ་བྲོས་འོངས་ན། ཁྱོད་རྣམས་ཀྱིས་ཁོ་རང་བདག་པོ་ལ་ཕྱིར་སྤྲོད་པར་མི་བྱ། 16 མི་དེ་ཁྱོད་རྣམས་དང་མཉམ་དུ་ཁྱོད་ཅག་གི་ཁྲོད་ནས་འདུག་དགོས་ཤིང་། ཁྱོད་རྣམས་ཀྱི་གྲོང་རྡལ་རྣམས་ནས་ཁོ་རང་གང་ལ་དགའ་ན་དེ་འདེམས་སུ་བཅུག་ནས་འཇོག་དགོས། ཁྱོད་རྣམས་ཀྱིས་དེ་ལ་བརྙས་བཅོས་བྱེད་མི་རུང་ངོ་། །
17 ཡེས་ར་ཨེལ་གྱི་བུད་མེད་རྣམས་ལས་མཆོད་གཤོམ་གྱི་ཆོས་རྫུ་སྨད་འཚོང་མ་ཡོད་མི་རུང་ལ། ཡེས་ར་ཨེལ་གྱི་སྐྱེས་པ་རྣམས་ལས་མཆོད་གཤོམ་གྱི་ཆོས་རྫུ་གཞང་འཚོང་ཡང་ཡོད་མི་རུང་། 18 སྨད་འཚོང་མའི་གླ་དངུལ་དང་སྐྱེས་པ་གཞང་འཚོང་གི་གླ་དངུལ་རྣམས་ནི། ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་བཞུགས་གནས་སུ་ཁྱེར་ནས་དམ་བཅའི་མཆོད་པ་ཅི་རིགས་སུ་ཕུལ་མི་ཆོག ཅི་ལ་ཞེ་ན། དེ་གཉིས་པོར་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཞེ་ལོག་པ་ཡིན་ནོ། །
19 ཁྱོད་རྣམས་ཀྱིས་རང་གི་སྤུན་ཟླར་དངུལ་དང་ཟ་མ། ཡང་ན་སྐྱེད་ཀ་རེག་པའི་རིགས་གང་ཞིག་བསྐྱིས་ནའང་སྐྱེད་ཀ་གང་ཡང་ལེན་མི་རུང་། 20 ཁྱོད་རྣམས་ཀྱིས་ཕྱི་ཕྱོགས་པ་རྣམས་ལས་སྐྱེད་ཀ་བླངས་ཆོག་ཀྱང་། རང་གི་སྤུན་ཟླ་ལས་སྐྱེད་ཀ་ལེན་མི་རུང་། དེ་ནས་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་ས་སྐལ་དུ་གནང་ནས་བདག་གིར་འཛིན་པའི་ཡུལ་དུ་ཁྱོད་ཀྱི་ལས་ཀ་ཐམས་ཅད་ལ་བྱིན་རླབས་སྩོལ་བར་འགྱུར་རོ། །
21 ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་དམ་བཅས་པ་ཡིན་ན། དེ་བསྒྲུབ་པར་འགོར་འགྱངས་བྱེད་མི་རུང་། གང་ལ་ཞེ་ན། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་དེ་འདེད་པ་དང་། དེའི་དུས་སུ་ཁྱོད་རྣམས་ལ་སྡིག་པ་ཡོད་པ་ཡིན། 22 འོན་ཀྱང་ཁྱོད་རྣམས་ཀྱིས་དམ་བཅའ་མ་བཞག་ན་ཁྱོད་ཅག་ལ་སྡིག་པ་མེད། 23 རང་གི་ཁ་ནས་གང་ཤོར་བ་དེ་བསྒྲུབ་དགོས། ཁྱོད་རྣམས་ཀྱིས་དངོས་སུ་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་རང་མོས་ངང་དམ་བཅས་པ་བཞིན། རང་གིས་ཁས་བླངས་པ་དེ་སྒྲུབས་ཤིག
24 ཁྱོད་རྣམས་ཁྱིམ་མཚེས་ཀྱི་རྒུན་ཚལ་ནང་དུ་སོང་ན་ཁྱོད་ཅག་གིས་འདོད་པ་ཚིམ་པའི་བར་དུ་རྒུན་འབྲུམ་ཟོས་ཆོག་མོད། འོན་ཀྱང་སྣོད་ལ་བསྡུ་མི་རུང་།
25 ཁྱོད་རྣམས་ཁྱིམ་མཚེས་ཀྱི་ཞིང་ནང་དུ་སོང་ན། ལག་པས་སྙེ་མ་བཏོགས་ཆོག་ཀྱང་ཁྱིམ་མཚེས་ཀྱི་ཞིང་ནང་དུ་ཟོར་བ་གཡུག་མི་རུང་ངོ་། །