ལེའུ་ཉེར་བདུན་པ།
ཨེ༌བཱལ་རི་བོའི་མཆོད་ཁྲི།
1 དེ་ཡང་མོ་ཤེ་དང་ཡེས་ར་ཨེལ་གྱི་རྒན་པོ་རྣམས་ཀྱིས་མི་ཚོགས་ལ་འདི་ལྟར། ངས་དེ་རིང་ཁྱོད་ཅག་ལ་གདམས་པའི་བཀའ་རྒྱ་ཐམས་ཅད་སྲུངས་ཤིག 2 ཁྱོད་རྣམས་ཕྱིས་སུ་ཡོར་དན་གཙང་པོ་བརྒལ་ནས། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གནང་བའི་ཡུལ་དུ་སླེབས་པའི་ཉིན་མོར། ཁྱོད་ཅག་གིས་རྡོ་ཆེན་པོ་རྣམས་བརྩིགས་ནས་དེར་དཀར་རྩི་བྱུག་དགོས། 3 ཡང་ཁྱོད་རྣམས་གཙང་པོའི་ཕ་རོལ་ཏུ་བརྒལ་རྗེས་བཀའ་ཁྲིམས་འདིའི་གསུང་ཐམས་ཅད་རྡོ་དེ་དག་གི་སྟེང་ཕྲིས་དང་། དེ་ནས་ཁྱོད་རྣམས་ཀྱི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་ཞལ་གྱིས་བཞེས་པ་བཞིན། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གནང་བའི་ཡུལ་ཏེ་འོ་མ་དང་སྦྲང་རྩི་བཞུར་བའི་ཡུལ་དུ་ཁྱོད་རྣམས་འགྲོ་ཐུབ་པ་ཡིན། 4 དེའི་ཕྱིར་ཕྱིས་སུ་ཁྱོད་རྣམས་ཡོར་དན་གཙང་པོ་བརྒལ་རྗེས། ངས་དེ་རིང་ཁྱོད་ཅག་ལ་ཅི་བསྒོས་པ་ནང་བཞིན་རྡོ་འདི་རྣམས་རི་བོ་ཨེ་བཱལ་དུ་བརྩིགས་ནས་དཀར་རྩི་བྱུག་དགོས། 5 དེ་རུ་ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་རྡོ་ཡི་མཆོད་ཁྲི་ཞིག་བཟོ་དགོས། དེ་ལ་ལྕགས་ཀྱི་ཡོ་བྱད་གང་ཡང་སྤྱོད་མི་རུང་། 6 ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲི་ནི་བཅད་གཏུབ་བྱས་མེད་པའི་རྡོ་ཡིས་བཟོ་དགོས་ལ། དེའི་ཁར་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་གི་མཆོད་པ་རྣམས་འབུལ་དགོས། 7 ཞི་བདེའི་མཆོད་པ་རྣམས་ཀྱང་ཕུལ་ནས་གནས་དེར་བཟའ་དགོས་ཤིང་། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་དྲུང་ནས་སྤྲོ་སྐྱིད་ལ་རོལ་དགོས། 8 ཁྱོད་རྣམས་ཀྱིས་བཀའ་ཁྲིམས་འདིའི་གསུང་ཐམས་ཅད་རྡོ་རྣམས་ཀྱི་སྟེང་དུ་གསལ་པོོར་འབྲི་དགོས་ཞེས་བསྒོས་སོ། །
རི་བོ་ཨེ་བཱལ་ནས་དམོད་མོ་བཏབ་པ།
9 དེ་ནས་མོ་ཤེ་དང་ལེ་ཝི་ཚོ་པའི་མཆོད་དཔོན་རྣམས་ཀྱིས་ཡེས་ར་ཨེལ་པ་ཐམས་ཅད་ལ། ཀྱེ་ཡེས་ར་ཨེལ་པ་རྣམས། ཁུ་སིམ་མར་སྡོད་ལ་ཉོན་ཅིག དེ་རིང་གི་ཉིན་འདིར་ཁྱོད་རྣམས་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་འབངས་མི་རུ་གྱུར་པ་ཡིན་པས། 10 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་གསུང་ལ་ཉན་དགོས་ཤིང་། ངས་དེ་རིང་ཁྱོད་ཅག་ལ་བསྒོས་པའི་ཁོང་གི་བཀའ་རྒྱ་དང་སྒྲིག་ཁྲིམས་རྣམས་སྲུངས་ཤིག་ཅེས་སྨྲས་སོ།།
11 ཉིན་དེར་མོ་ཤེ་ཡིས་མི་རྣམས་ལ་འདི་ལྟར། 12 ཁྱོད་རྣམས་ཡོར་དན་གཙང་པོའི་ཕ་རོལ་ཏུ་བརྒལ་བའི་རྗེས་སུ། སི་མུ་ཨོན་དང་། ལེ་ཝི་དང་། ཡ་ཧུ་དཱ་དང་། ཡེས་སི་ཀཱར་དང་། ཡོ་སེབ་དང་། པེན་ཡཱ་མེན་བཅས་ཚོ་པའི་མི་རྣམས་གེ་རི་ཟིམ་རི་བོར་ལངས་བསྡད་ནས་མི་མང་ལ་བྱིན་རླབས་གནང་དགོས། 13 ཡང་རུ་བེན་དང་། གཱ་རྡུ་དང་། ཨ་ཤེར་དང་། ཟེ་བུ་ལུན་དང་། དཱན་དང་། ནཱབ་ཐ་ལི་བཅས་ཚོ་པའི་མི་རྣམས་ཨེ་བཱལ་རི་བོར་ལངས་བསྡད་ནས་དམོད་ཚིག་བསྒྲག་དགོས། 14 ལེ་ཝི་པ་རྣམས་ཀྱིས་ཡེས་ར་ཨེལ་གྱི་མི་ཐམས་ཅད་ལ་སྐད་ཆེན་པོས་འདི་ལྟར་བསྒྲག་དགོས་ཏེ།
15 མི་ལག་ཤེས་པ་ཞིག་གིས་རང་གི་ལག་པར་བརྟེན་ནས་དཀོན་མཆོག་ཡ་ཝཱེ་ཞེ་ལོག་པའི་སྐུ་བརྙན་དང་བླུགས་སྐུ་བཟོས་ཏེ་གསང་བའི་སྒོ་ནས་དེ་དག་ཡར་བསླངས་ན། མི་དེ་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས།
16 རང་གི་ཕ་མ་ལ་གུས་ཞབས་མེད་པའི་མི་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས།
17 རང་གི་ཁྱིམ་མཚེས་ཀྱི་ས་རྟགས་བསྣུར་བའི་མི་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས།
18 མི་ལོང་བ་ཞིག་ལོག་ལམ་དུ་འཁྲིད་མཁན་དེ་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས་སོ།།
19 བྱེས་པ་དང་དྭ་ཕྲུག ཡུགས་མོ་བཅས་ལ་དྲང་བདེན་ལོག་སྤྱོད་བྱེད་པའི་མི་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས།
20 སུ་ཞིག་ཕ་ཡི་ཆུང་མ་དང་ལུས་འབྲེལ་བྱས་ན། དེས་རང་གི་ཕ་ཡི་སྨད་གོས་བཤུས་པ་ཡིན་པས་དེ་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས།
21 དུད་འགྲོ་གང་རུང་དང་འཁྲིག་པ་སྤྱོད་པའི་མི་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས།
22 ཕ་གཅིག་མ་གཉིས་དང་ཡང་ན་མ་གཅིག་ཕ་གཉིས་ཀྱི་ལྕམ་སྲིང་དང་ལུས་འབྲེལ་བྱེད་པའི་མི་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས།
23 རང་གི་སྒྱུག་མོ་དང་ལུས་འབྲེལ་བྱེད་པའི་མི་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས།
24 རང་གི་ཁྱིམ་མཚེས་གསང་སྟབས་ཀྱིས་གསོད་པའི་མི་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས།
25 གསུག་བླངས་ནས་མི་ཉེས་མེད་ཀྱི་སྲོག་གཅོད་མཁན་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས།
26 སུ་ཞིག་གིས་བཀའ་ཁྲིམས་ཀྱི་གསུང་འདི་དག་ནང་བཞིན་བསྒྲུབས་ནས་བརྟན་པོར་མི་བསྲུང་བ་དེ་ལ་དམོད་པ་ཕོག་གྱུར་ཅིག་ཅེས་པའི་ལན་དུ། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཞུ་དགོས་སོ།།