ལེའུ་བརྒྱད་པ།
1 མཁས་པ་དང་འདྲ་བ་སུ་ཡོད་དམ། དོན་ཐམས་ཅད་སུ་ཞིག་གིས་འགྲེལ་ནུས་སམ། ཤེས་རབ་ཀྱིས་མིའི་ངོ་མདངས་གསལ་བར་བྱེད་ལ། དེའི་ངོ་མདངས་རྩུབ་མོ་ཡང་འགྱུར་བར་བྱེད།
རྒྱལ་པོའི་བཀའ་བརྩི་བ།
2 དཀོན་མཆོག་དཔང་དུ་བཙུགས་ནས་དམ་བཅས་པའི་རྐྱེན་གྱིས་རྒྱལ་པོའི་བཀའ་བརྩི་དགོས་པ་ངས་ཁྱོད་ལ་བསྐུལ་ཏེ། 3 རྒྱལ་པོའི་མདུན་ནས་འགྲོ་བར་མ་བྲེལ་ཞིག སྤྱོད་ངན་ནང་དུའང་བསྲེ་བར་མ་བྱེད་ཅིག ཅིའི་ཕྱིར་ཞེ་ན། ཁོང་གིས་ཉིད་ཀྱི་ཐུགས་དགོངས་བཞིན་དུ་བྱེད་པས་སོ། ། 4 རྒྱལ་པོའི་བཀའ་ལ་དབང་ཆེན་པོ་ལྡན་ཏེ། ཁྱེད་ཀྱིས་ཅི་བྱེད་པ་ཡིན་ནམ་ཞེས་སུ་ཞིག་གིས་ཞུ་བར་ནུས་སམ། 5 བཀའ་ལ་ཉན་མཁན་གྱིས་རྐྱེན་ངན་མཐོང་བར་མི་འགྱུར་ཏེ། མཁས་པའི་སེམས་ཀྱིས་དུས་དང་གཏན་སྲོལ་གཉིས་ཀ་ཤེས། 6 དེ་ཅིའི་ཕྱིར་ཞེ་ན། མི་ཡི་སྟེང་དུ་སྡུག་གི་ཁུར་བོ་ལྕི་ནའང་། དོན་རེ་རེ་ལ་དུས་དང་གཏན་སྲོལ་ཡོད་པའོ། ། 7 འབྱུང་འགྱུར་གྱི་དོན་རྣམས་ཁོས་མི་ཤེས་ཏེ། ཕྱིས་སུ་གང་ཞིག་འབྱུང་བར་འགྱུར་བ་སུས་ཁོ་ལ་འཆད་ནུས་སམ། 8 མི་སུས་ཀྱང་རླུང་ལ་ཁ་ལོ་བསྒྱུར་ནས་དེ་འགོག་མི་ཐུབ་ལ། ཡང་འཆི་དུས་ལ་དབང་ཡོད་པའི་མི་སུ་ཡང་མེད། འཐབ་མོ་འདི་ལ་ཞུགས་མི་དགོས་པ་སུ་ཡང་མེད། ངན་པས་ཀྱང་ངན་པ་བྱེད་མཁན་རྣམས་སྐྱོབ་པར་མི་ནུས། 9 འདི་དག་ཐམས་ཅད་ངས་མཐོང་སྟེ། ཉི་མའི་འོག་ཏུ་བྱུང་བའི་དོན་ཐམས་ཅད་ལ་སེམས་ཞིབ་མོས་བརྟགས་པ་ན། མི་གཅིག་གིས་གཞན་ལ་སྲིད་བྱེད་པའི་ངང་ནས་རང་ལ་རྐྱེན་ངན་འགུག་པའི་དུས་ཀྱང་འདུག་གོ །
ངན་པ་དང་དམ་པ།
10 དེ་ལྟར་ངས་མི་སྡིག་ཅན་དུར་ཁུང་དུ་བསྐུངས་པ་མཐོང་། སྔར་དེ་རྣམས་དམ་པའི་གནས་སུ་འགྲོ་འོང་བྱེད་ཅིང་། དེ་དག་གིས་སྤྱད་པ་སྤྱོད་སའི་གྲོང་ཁྱེར་ནང་གི་མི་རྣམས་ཀྱིས་བརྗེད་པ་སྟེ། འདི་ཡང་སྟོང་པ་ཡིན་ནོ། ། 11 དེ་ཡང་སྤྱོད་ངན་ལ་མྱུར་དུ་ཆད་པ་མ་བཅད་པས། མི་རྣམས་ཀྱི་སེམས་སུ་ལས་ངན་པ་བྱེད་པའི་བསམ་བློས་ཁེངས། 12 ཇི་སྟེ་ངན་པས་ལན་བརྒྱ་ལ་ལས་ངན་པ་བྱས་ཀྱང་ཚེ་རིང་བར་གྱུར་ན། དཀོན་མཆོག་ལ་གུས་ཤིང་འཇིགས་པའི་མི་སྟེ་ཁོང་གི་དྲུང་དུ་གུས་ཞུམ་གྱི་སེམས་དང་ལྡན་པ་དག་གིས་སྐྱིད་ལ་རོལ་བ་ངས་ལེགས་པར་ཤེས་སོ། ། 13 འོན་ཀྱང་ངན་པར་ནམ་ཡང་བདེ་སྐྱིད་མི་འཐོབ་ལ་ཚེ་ཐག་ཀྱང་མི་རིང་སྟེ། ཁོས་དཀོན་མཆོག་ལ་གུས་ཤིང་འཇིགས་པར་མི་བྱེད་པས། དེའི་མི་ཚེ་ནི་གྲིབ་མ་ལྟ་བུ་ཡིན་ནོ། ། 14 ས་སྟེང་དུ་སྙིང་པོ་མེད་པའི་དོན་ཞིག་ཡོད་པ་ནི་དྲང་པོར་ངན་པས་ཅི་བྱས་བཞིན་ལན་འཐོབ་ཅིང་། ངན་པར་དྲང་པོས་ཅི་བྱས་བཞིན་ལན་འབྱུང་བ་སྟེ། ངས་འདི་ཡང་སྟོང་པ་ཡིན་ཞེས་སྨྲས་པའོ། ། 15 བཟའ་བཏུང་སྤྱད་ནས་སྐྱིད་ལ་རོལ་བ་ལས་ལེགས་པ་ཞིག་ཉི་མའི་འོག་ཏུ་མི་ལ་གཞན་གང་ཡང་མེད་པས་ངས་བདེ་སྐྱིད་ལ་བསྟོད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་མི་ལ་ཉི་མའི་འོག་ཏུ་གནང་བའི་ཚེ་གང་པོའི་དཀའ་ལས་ཀྱི་འབྲས་བུ་ནི་དེ་དང་ལྷན་ཅིག་ཏུ་གནས་པར་འགྱུར་རོ། ། 16 ངས་སེམས་པ་རྩེ་གཅིག་གིས་ཡེ་ཤེས་རྟོགས་འདོད་པ་དང་ས་གཞིའི་སྟེང་དུ་བྱེད་པའི་ལས་ཐམས་ཅད་ལ་བལྟས་པའི་ཚེ། ཞག་གང་པོར་གཉིད་མི་ཁུག་པའི་མི་ཡང་ཡོད་པ་རེད། 17 དཀོན་མཆོག་གིས་སའི་སྟེང་དུ་མཛད་པའི་འཕྲིན་ལས་ཐམས་ཅད་མི་ཡིས་རྟོགས་མི་ནུས་པ་མཐོང་། མི་ཡིས་ཉི་མའི་འོག་གི་ལས་རྣམས་རྟོགས་པའི་ཕྱིར་དཀའ་བ་སྤྱད་མོད་རྟོགས་པར་མི་འགྱུར། དེར་མ་ཟད་མཁས་པས་ངས་དེ་རྟོགས་སོ་བསམས་ཀྱང་ཁོས་དེ་ནམ་ཡང་རྟོགས་པར་མ་གྱུར་ཏོ། །