ལེའུ་གསུམ་པ།
ལུང་སྟོན་པ་མོ་ཤེ་དང་མེ་འབར་བའི་ཚེར་ཕུང་།
དེ་ཡང་མོ་ཤེ་ཡིས་མིད༌ཡཱན་ཡུལ་གྱི་མཆོད་དཔོན་ཏེ་རང་གི་སྒྱུག་པོ་ཡི་ཏྲོའི་ར་ལུག་གི་ཁྱུ་འཚོས་པ་དང་། ཉིན་ཞིག་ལ། ར་ལུག་གི་ཁྱུ་དེད་ནས་ཡུལ་དབེན་པའི་ཕ་རོལ་ཏུ་ཆས་ཤིང་། དཀོན་མཆོག་གི་རི་བོ་སྟེ་ཧོ་རེབ་ཅེས་པར་ཕྱིན། དུས་དེར་དཀོན་མཆོག་ཡ་ཝཱེའི་ཕོ་ཉ་ཞིག་ཚེར་ཕུང་དཀྱིལ་གྱི་མེ་ལྕེའི་ཁྲོད་ནས་མོ་ཤེ་ལ་མངོན་པར་གྱུར་ཏོ། །མོ་ཤེ་ཡིས་བལྟས་པ་ན། ཚེར་ཕུང་མེ་ལ་འབར་བཞིན་ཡོད་ནའང་མེས་འཚིག་པར་མ་གྱུར་པ་མཐོང་བས། མོ་ཤེའི་སེམས་ལ་ང་རང་ངོ་མཚཪ་ཆེན་པོ་དེ་ལ་བལྟ་རུ་འགྲོ་དགོས། ཚེར་ཕུང་འདི་མེ་ཡིས་མི་འཚིག་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ་མོ། ། དཀོན་མཆོག་ཡ་ཝཱེས་ཁོ་རང་ཚེར་ཕུང་ལ་བལྟ་རུ་འགྲོ་བ་གཟིགས་ཏེ། ཚེར་ཕུང་གི་དཀྱིལ་ནས་མོ་ཤེ་མོ་ཤེ་ཞེས་ཞལ་འབོད་གནང་བ་ལ། མོ་ཤེ་ཡིས་ང་རང་འདི་རུ་ཡོད་ཅེས་ཞུས། དེ་ནས་ཁོང་གིས་འདི་སྐད་དུ། ཉེ་སར་མ་འོང་ཞིག ཁྱོད་རང་ལངས་ནས་འདུག་ས་འདི་ནི་གནས་དམ་པ་ཡིན་པས། ཁྱོད་ཀྱིས་བསིལ་ལྷམ་ཕུད་ཅིག་ཅེས་དང་། ཡང་འདི་སྐད་དུ། བདག་ནི་ཁྱོད་ཀྱི་ཕ་ཡི་དཀོན་མཆོག་དང་། ཨབ་ར་ཧམ་གྱི་དཀོན་མཆོག་དང་། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ཡིན་ཞེས་གསུངས་པ་ལ། མོ་ཤེ་ཡིས་དཀོན་མཆོག་ལ་བལྟ་བར་འཇིགས་པས་རང་གི་ངོ་གདོང་བཀབ། དེ་ནས་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གི་འབངས་མི་རྣམས་ཀྱིས་ཨེ་ཅིབ་ཡུལ་དུ་མྱངས་པའི་དཀའ་སྡུག་ནི་བདག་གིས་དངོས་སུ་མཐོང་ཞིང་། ཁོ་རྣམས་ཀྱིས་ལས་རྒྱབ་པའི་གཉའ་གནོན་དྲག་པོའི་རྐྱེན་གྱིས་སྡུག་ཡུས་བཏོན་པའང་བདག་གིས་ཐོས་ལ། བདག་གིས་སྔར་ནས་དེ་རྣམས་ཀྱི་སྡུག་བསྔལ་ཤེས་པ་ཡིན། ད་ནི་བདག་མར་འོངས་ནས་ཁོ་རྣམས་ཨེ་ཅིབ་པ་རྣམས་ཀྱི་ལག་འོག་ནས་ཐར་བར་བྱེད་ཅིང་། ཡུལ་དེ་ནས་ཡར་ཁྲིད་དེ། མཛེས་ཤིང་ཡངས་ལ་འོ་མ་དང་སྦྲང་རྩི་བཞུར་བའི་ཡུལ་ཏེ། ཀ་ན་ཨན་པ་དང་། ཧེད་པ་དང་། ཨེ་མོར་པ་དང་། ཕེ་རེ་ཟི་པ་དང་། ཧེ་བི་པ་དང་། ཡེ་བུ་སི་པ་བཅས་ཀྱི་གནས་སུ་བསླེབ་པར་བྱའོ། ། ལྟོས་དང་། ཡེས་ར་ཨེལ་པ་རྣམས་ཀྱི་སྡུག་ཡུས་བདག་གི་རྣ་བར་སླེབས་ཤིང་། ངས་ཨེ་ཅིབ་པ་རྣམས་ཀྱིས་ཁོ་རྣམས་ལ་ཇི་ལྟར་བརྙས་བཅོས་བྱས་པའང་མཐོང་བྱུང་བས། 10 ད་ནི་བདག་གིས་ཁྱོད་རང་ཕཱར་ཨོལ་གྱི་མདུན་དུ་མངགས་པར་བྱ་སྟེ། ཁྱོད་ནི་བདག་གི་འབངས་མི་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཕྱིར་འཁྲིད་དུ་སོང་ཞིག་ཅེས་བཀའ་གནང་ངོ་། །
11 འོན་ཀྱང་མོ་ཤེ་ཡིས་དཀོན་མཆོག་ལ། ང་ནི་སུ་ཡིན་ནམ། ཕཱར་ཨོལ་དང་ངོ་འཕྲད་དུ་སོང་ནས་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཕྱིར་འཁྲིད་འོང་ནུས་སམ་ཞེས་ཞུས་པ་ལ། 12 དཀོན་མཆོག་གིས་འདི་སྐད་དུ། ང་རང་ཁྱོད་དང་མཉམ་དུ་འགྲོགས་ངེས་ཤིང་། ཁྱོད་ཀྱིས་འབངས་མི་རྣམས་ཨེ་ཅིབ་ཡུལ་ནས་ཕྱིར་ཁྲིད་འོངས་པའི་རྗེས་སུ། ཁྱོད་རྣམས་ཀྱིས་རི་བོ་འདི་ནས་བདག་ལ་བསྙེན་བཀུར་བྱེད་ངེས་ལ། འདི་ནི་ངས་ཁྱོད་རང་མངགས་པའི་དཔང་རྟགས་ཡིན་ཞེས་བཀའ་གནང་བ་དང་། 13 ཡང་མོ་ཤེ་ཡིས་དཀོན་མཆོག་ལ། ང་རང་ཡེས་ར་ཨེལ་པ་རྣམས་ཀྱི་གམ་དུ་སོང་ནས་དེ་དག་ལ། ཁྱོད་ཅག་གི་ཕ་མེས་ཡང་མེས་ཀྱི་དཀོན་མཆོག་གིས་ང་རང་ཁྱོད་ཅག་གི་གམ་དུ་མངགས་པ་ཡིན་ཞེས་བརྗོད་པར་བྱ་ཞིང་། གལ་ཏེ་ཁོ་རྣམས་ཀྱིས་བདག་ལ་ཁོང་གི་མཚན་ལ་ཅི་ཟེར་ཞེས་དྲིས་ན། ངས་དེ་རྣམས་ལ་ཅི་ཟེར་རམ་ཞེས་ཞུས་པ་ན། 14 ཡང་དཀོན་མཆོག་གིས་མོ་ཤེ་ལ། བདག་ནི་གཏན་དུ་གནས་པ་དེ་ཉིད་ཡིན་ཞེས་གསུངས་པ་དང་། ཡང་འདི་སྐད་དུ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྨྲ་བར་བྱ་སྟེ། གཏན་དུ་བཞུགས་པ་ཁོང་ཉིད་ཀྱིས་ང་རང་ཁྱོད་ཅག་གི་གམ་དུ་མངགས་པ་ཡིན་སྨྲོས་ཤིག་ཅེས་གསུངས་ཤིང་། 15 ཡང་དཀོན་མཆོག་གིས་མོ་ཤེ་ལ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྨྲོས་དང་། ཁྱོད་ཅག་གི་ཕ་མེས་ཡང་མེས་ཀྱི་དཀོན་མཆོག་ཡ་ཝཱེ་སྟེ། ཨབ་ར་ཧམ་གྱི་དཀོན་མཆོག་དང་། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་གིས་ང་རང་ཁྱོད་རྣམས་ཀྱི་གམ་དུ་མངགས་པ་ཡིན་ཞེས་པའོ། །ཡ་ཝཱེ་ནི་ཇི་སྲིད་བར་དུ་བདག་གི་མིང་ཡིན་ཞིང་། དུས་རབས་ཀུན་ཏུ་ང་རང་དྲན་པའི་རྟེན་ཡང་ཡིན། 16 ཁྱོད་རང་སོང་ནས་ཡེས་ར་ཨེལ་གྱི་རྒན་པོ་རྣམས་བསྡུས་ཏེ་ཁོ་རྣམས་ལ་འདི་ལྟར་སྨྲོས་དང་། ཁྱོད་ཅག་གི་ཕ་མེས་ཡང་མེས་ཀྱི་དཀོན་མཆོག་ཡ་ཝཱེ་སྟེ། ཨབ་ར་ཧམ་གྱི་དཀོན་མཆོག་དང་། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་བདག་ལ་མངོན་པར་མཛད་ཅིང་འདི་སྐད་དུ། བདག་གིས་དངོས་གནས་ཁྱོད་རྣམས་ལ་ལྟ་སྐྱོང་བྱས་པ་དང་། ཨེ་ཅིབ་ཡུལ་ནས་ཁྱོད་རྣམས་ལ་ཇི་ལྟར་བྱས་པའང་མཐོང་ཞིང་། 17 ཁྱོད་རྣམས་ཨེ་ཅིབ་ཡུལ་གྱི་དཀའ་སྡུག་ལས་ཡར་ཁྲིད་དེ། ཀ་ན་ཨན་པ་དང་། ཧེད་པ་དང་། ཨེ་མོར་པ་དང་། ཕེ་རེ་ཟི་པ་དང་། ཧེ་བི་པ་དང་། ཡེ་བུ་སི་པ་བཅས་ཀྱི་ཡུལ་ཏེ། འོ་མ་དང་སྦྲང་རྩི་བཞུར་བའི་ཡུལ་དུ་འཁྲིད་པར་བྱ་ཞེས་བདག་གིས་སྨྲས་པ་ཡིན་ཞེས་སྨྲ་བར་གྱིས་དང་། 18 དེ་རྣམས་ཀྱིས་ཁྱོད་ཀྱི་བཀའ་ལ་མཉན་ངེས་ཤིང་། ཁྱོད་དང་ཡེས་ར་ཨེལ་གྱི་རྒན་པོ་རྣམས་ཨེ་ཅིབ་ཀྱི་རྒྱལ་པོའི་མདུན་དུ་སོང་སྟེ་ཁོ་ལ་འདི་ལྟར། ཨིབ་རི་པའི་དཀོན་མཆོག་ཡ་ཝཱེ་ངེད་རྣམས་ལ་ཕྲད་པ་དང་། ད་ནི་ངེད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་འབུལ་བའི་ཕྱིར། ཞག་གསུམ་གྱི་ལམ་ལ་དབེན་སྟོང་དུ་འགྲོ་བར་གནོངས་ཞེས་སྨྲོས་ཤིག 19 འོན་ཀྱང་ཨེ་ཅིབ་རྒྱལ་པོ་ལ་མཐུ་ལྡན་ཕྱག་གིས་བསྐུལ་ཡང་ཁྱོད་རྣམས་འགྲོ་རུ་མི་འཇུག་པ་བདག་གིས་ཤེས་པ་ཡིན། 20 དེའི་ཕྱིར། ངས་ལག་པ་བརྐྱངས་ནས་ཨེ་ཅིབ་པའི་ཁྲོད་དུ་བདག་གི་ངོ་མཚར་བའི་དོན་རྣམས་མཛད་དེ་ཡུལ་དེར་རྒོལ་བར་བྱེད་ཅིང་། དེའི་རྗེས་སུ་ཁོས་ད་གཟོད་ཁྱོད་རྣམས་འགྲོ་རུ་འཇུག་པ་ཡིན། 21 ཁྱོད་རྣམས་ཡུལ་དེ་ནས་འགྲོ་བའི་དུས་སུ་ལག་ཟུང་སྟོང་བར་མི་འགྲོ་བའི་ཕྱིར་དུ། བདག་གིས་ཨེ་ཅིབ་པ་རྣམས་ཀྱི་མདུན་དུ་མི་འདི་རྣམས་ལ་ཐུགས་རྗེ་འཐོབ་པར་བྱ་སྟེ། 22 བུད་མེད་སོ་སོས་རང་གི་ཁྱིམ་མཚེས་དང་། ཁོ་མོའི་ཁྱིམ་དུ་སྡོད་པའི་བུད་མེད་ལས་གསེར་ཆས་དང་དངུལ་ཆས། གྱོན་གོས་དག་སློང་ངེས་ཏེ། རང་གི་བུ་དང་བུ་མོ་རྣམས་ལ་བསྐོན་པའི་ཕྱིར་ཡིན་ལ། དེས་ན་ཁྱོད་ཅག་གིས་ཨེ་ཅིབ་པའི་ནོར་རྫས་ཕྲོགས་པ་ཡིན་ཞེས་གསུངས་སོ། །