ལེའུ་སོ་གཉིས་པ།
གསེར་གྱི་བ་ཕྲུག
ཡང་མོ་ཤེ་ཡིས་རི་ནས་འབབ་པའི་དུས་ཚོད་འགོར་འགྱང་བྱས་པ་མི་རྣམས་ཀྱིས་ཤེས་ཏེ་ཁོ་ཚོ་ཨ་རོན་གྱི་མདུན་དུ་འཛོམས་ནས་འདི་ལྟར། ངེད་ཅག་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་མཁན་མོ་ཤེ་དེ་ལ་ཅི་ཞིག་བྱུང་བ་མི་ཤེས་པས། ད་ལངས་ནས་ངེད་ཅག་ལ་ལམ་སྣ་འདྲེན་པའི་ལྷ་སྐུ་བཟོས་ཤིག་ཅེས་སྨྲས་ཤིང་། ཨ་རོན་ན་རེ། ཁྱོད་ཅག་གིས་རང་གི་ཆུང་མ་དང་བུ་བུ་མོ་དག་གི་གསེར་གྱི་རྣ་ལུང་རྣམས་བླངས་ནས་ངའི་མདུན་དུ་ཁྱེར་ཤོག་ཅིག་ཅེས་སྨྲས་པ་ལ། མི་ཐམས་ཅད་ཀྱིས་གསེར་གྱི་རྣ་ལོང་རྣམས་བླངས་ནས་ཨ་རོན་གྱི་མདུན་དུ་ཁྱེར་འོངས། ཁོས་དེ་དག་གི་ལག་ནས་བླངས་ཤིང་གཟོང་ཁ་བསྐོར་ཏེ་བ་ཕྲུག་གི་སྐུ་བརྙན་ཞིག་བླུགས་པ་དང་། དེ་དག་གིས། ཀྱེ་ཡེས་ར་ཨེལ་པ་རྣམས། འདི་ནི་ཁྱོད་ཅག་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་པའི་ལྷ་ལགས་སོ་ཞེས་སྨྲས། ཨ་རོན་གྱིས་དེ་མཐོང་བ་དང་། བ་ཕྲུག་གི་སྐུ་བརྙན་མདུན་དུ་མཆོད་ཁྲི་ཞིག་བརྩིགས་ནས། སང་ཉིན་ནི་དཀོན་མཆོག་ཡ་ཝཱེའི་དུས་ཆེན་ཡིན་ཞེས་བསྒྲགས། དེའི་ཕྱི་ཉིན་ཐོ་རངས་ཁོ་རྣམས་ཡར་ལངས་ནས་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཕུལ་ཏེ། མར་བསྡད་ནས་བཟའ་བཏུང་ལ་རོལ་བ་དང་ཡར་ལངས་ནས་རྩེད་མོ་རྩེས་སོ། །
དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་མྱུར་དུ་རི་ལས་བོབས་ཤིག ཁྱོད་ཀྱིས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོངས་པའི་མི་རྣམས་ཀྱིས་སྤྱོད་པ་ཐ་ཤལ་བ་བྱས་ཡོད། དེ་དག་གིས་མྱུར་བ་མྱུར་དུ་ངས་བསྟན་པའི་ལམ་དེ་ལོགས་སུ་བཞག་ཅིང་། རང་གི་ཆེད་དུ་བ་ཕྲུག་གི་སྐུ་བླུགས་ནས་དེ་ལ་ཕྱག་བཙལ་བ་དང་མཆོད་པ་ཕུལ་ནས་ན་རེ། ཀྱེ་ཡེས་ར་ཨེལ་པ་རྣམས། འདི་ནི་ཁྱོད་ཅག་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་པའི་ལྷ་ལགས་སོ་ཞེས་སྨྲ་བཞིན་འདུག་ཅེས་གསུངས་པ་དང་། ཡང་འདི་སྐད་དུ། བདག་གིས་མི་འདི་རྣམས་ལ་བལྟས་ཤིང་། ཀྱེ་ཧོ། དངོས་གནས་འབངས་གཉའ་རེངས་ཤིག་འདུག 10 དེ་བས་ན་ངའི་ཁོང་ཁྲོ་དེ་དག་གི་ཕྱོགས་སུ་འབར་ནས་དེ་དག་མེད་པར་གཏོང་བའི་ཕྱིར་དུ། ང་ནི་རང་དགར་བསྐྱུར་ཞོག ངས་ཁྱོད་རང་ཁོ་ནའི་བུ་རྒྱུད་ནི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འགྱུར་བར་བྱ་ཞེས་གསུངས་སོ། །
11 དེ་ནས་མོ་ཤེ་ཡིས་རང་གི་དཀོན་མཆོག་ཡ་ཝཱེ་ལ་ནན་གྱིས་ཞུས་པ་ནི། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ནུས་མཐུ་ཆེ་ཞིང་སྟོབས་དང་ལྡན་པའི་ཕྱག་གིས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོངས་པའི་རང་གི་འབངས་མི་ལ། ཁྱེད་རང་ཐུགས་རབ་ཏུ་ཁྲོ་བ་ཅི་ཡིན་ནམ། 12 ཅིའི་ཕྱིར་མ་འོངས་པར་ཨེ་ཅིབ་པ་རྣམས་ལ། དཀོན་མཆོག་གིས་དམིགས་ཡུལ་ངན་པ་བཅངས་ནས་ཡེས་ར་ཨེལ་པ་རྣམས་ཕྱི་རུ་ཁྲིད་དེ། རི་བོ་ནས་བསད་དེ་ས་སྟེང་ནས་མེད་པར་མཛད་པའི་ཕྱིར་ཡིན་ཞེས་སྨྲ་རུ་འཇུག་གམ། ཁྱེད་ཀྱི་ཐུགས་ཁྲོ་བའི་མེ་ལྕེ་གཞིལ་བར་མཁྱེན། ཉིད་ཀྱི་འབངས་མི་ལ་གནོད་འཚེ་གཏོང་བར་དགོངས་ཀྱང་ཐུགས་ལ་སྙིང་རྗེ་ཡོད་པར་ཞུ། 13 ཁྱེད་ཀྱི་ཞབས་ཕྱི་རྣམས་ཏེ་ཨབ་ར་ཧམ་དང་། ཨི་སཱག་དང་། ཡེས་ར་ཨེལ་བཅས་ཐུགས་ལ་དྲན་དུ་གསོལ། སྔར་ཁྱེད་ཀྱིས་རང་ཉིད་དཔང་དུ་བཙུགས་ནས་དེ་དག་ལ་འདི་སྐད་དུ། ངས་ཁྱོད་ཅག་གི་བུ་རྒྱུད་ནམ་མཁའི་སྐར་མའི་གྲངས་ཙམ་དུ་སྤེལ་ཏེ། ངས་ཁས་བླངས་པའི་ས་ཐམས་ཅད་ཁྱོད་ཅག་གི་བུ་རྒྱུད་ལ་སྦྱིན་པར་འགྱུར་ཞིང་། ཁོ་རྣམས་ལ་རྟག་ཏུ་གནས་པའི་ནོར་སྐལ་དུ་འཐོབ་པར་ངེས་ཞེས་གསུངས་ཡོད་ཅེས་ཞུས་པས། 14 དཀོན་མཆོག་ཡ་ཝཱེའི་ཐུགས་འགྱུར་ནས་སྔར་གསུངས་པའི་གནོད་འཚེ་དེ་རང་གི་འབངས་མི་ལ་ཕོག་པར་མ་མཛད་དོ། །
15 དེ་ནས་མོ་ཤེ་ཁ་ཕྱིར་འཁོར་ནས་རི་ལས་བབས་ཤིང་། དཔང་པོའི་རྡོ་ལེབ་གཉིས་ལག་ཏུ་ཁྱེར་བ་དང་། དེ་གཉིས་ཀྱི་ངོས་གཉིས་ལ་ཡི་གེ་བྲིས་འདུག་པ་སྟེ་མདུན་རྒྱབ་གཉིས་ལ་ཡི་གེ་བྲིས་ཡོད་ལ། 16 རྡོ་ལེབ་གཉིས་ནི་དཀོན་མཆོག་གིས་བཟོས་པ་དང་། ཡི་གེ་ནི་དཀོན་མཆོག་གིས་རྡོ་ལེབ་གཉིས་སུ་བརྐོས་ནས་བྲིས་ཡོད། 17 ཡང་ཡོ་ཤུ་ཨ་ཡིས་མི་རྣམས་ཀྱིས་སྐད་རྒྱག་པའི་འུར་ཟིང་ཐོས་ཏེ་མོ་ཤེ་ལ། སྒར་གྱི་ནང་དུ་དམག་འཁྲུག་གི་སྐད་སྒྲ་སྒྲོག་གིན་འདུག་ཅེས་པར། 18 མོ་ཤེ་ན་རེ། དེ་ནི་གཡུལ་ལས་རྒྱལ་བ་རྣམས་ཀྱི་སྒྲ་མ་ཡིན་ལ་གཡུལ་ལས་ཕམ་པ་རྣམས་ཀྱི་སྒྲ་ཡང་མ་ཡིན་པར། བདག་གིས་ཐོས་པ་མི་རྣམས་ཀྱིས་གླུ་ལེན་གྱིན་པའི་སྒྲ་རེད་ཅེས་སྨྲས་སོ། །
19 དེ་ནས་མོ་ཤེ་སྒར་དང་ཉེ་བར་སླེབས་ཚེ་བ་ཕྲུག་དེ་དང་ཡང་མི་རྣམས་ཀྱིས་བྲོ་འཁྲབ་པ་མཐོང་ནས། ཁོང་ཁྲོ་རབ་ཏུ་འབར་ཞིང་རྡོ་ལེབ་གཉིས་ལག་ནས་རི་འདབས་སུ་གཡུགས་ཏེ་བཅག་པ་དང་། 20 ཡང་དེ་ཚོས་བཟོས་པའི་བ་ཕྲུག་མེར་བསྲེགས་པ་དང་རྡུལ་དུ་བཏགས་ནས་ཆུར་བཏབ་སྟེ། ཡེས་ར་ཨེལ་པ་རྣམས་ལ་འཐུང་དུ་བཅུག 21 དེ་ནས་མོ་ཤེ་ཡིས་ཨ་རོན་ལ། ཁྱོད་ཀྱིས་མི་འདི་རྣམས་ཀྱི་སྟེང་ལ་སྡིག་པ་ཆེན་པོ་དེ་ལྟ་བུ་ཞིག་འདྲེན་པའི་རྒྱུ་མཚན་ཅི། འབངས་ཀྱིས་ཁྱོད་ལ་ཅི་ཞིག་བྱས་སམ་ཞེས་སྨྲས་པ་ལ། 22 ཨ་རོན་ན་རེ། ང་ཡི་བདག་པོ་ལགས། ཐུགས་རྒྱལ་མི་བཞེངས་པར་ཞུ། འབངས་འདིའི་བློ་ཁ་ངན་པར་ཕྱོགས་ཡོད་པ་ཁྱེད་ཀྱིས་མཁྱེན་གསལ་ལྟར། 23 དེ་དག་གིས་ང་ལ་འདི་ལྟར། ངེད་ཅག་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་མཁན་མོ་ཤེ་དེ་ལ་ཅི་ཞིག་བྱུང་བ་མི་ཤེས་པས། ངེད་ཅག་ལ་ལམ་སྣ་འདྲེན་པའི་ལྷ་སྐུ་བཟོས་ཤིག་ཅེས་སྨྲས་ཤིང་། 24 ཡང་ངས་དེ་དག་ལ། སུ་ལ་གསེར་ཡོད་པ་དེ་བླངས་ནས་ཁྱེར་ཤོག་ཅེས་སྨྲས་པ་དང་། ཁོ་ཚོས་ང་རང་ལ་སྤྲད་ཅིང་། ངས་གསེར་རྣམས་མེ་རུ་གཡུགས་ནས་བ་ཕྲུག་འདི་བྱུང་བ་ཡིན་ཞེས་སྨྲས་སོ། །
25 མོ་ཤེ་ཡིས་མི་རྣམས་ལང་ཤོར་དུ་སོང་བ་མཐོང་བའི་ཚེ། ཨ་རོན་གྱིས་ཁོ་ཚོ་ལང་ཤོར་དུ་འགྲོ་བར་བཅུག་སྟེ། རང་གི་དགྲ་བོ་དག་གི་གད་མོའི་རྒྱུ་རུ་གྱུར་ཡོད་པས། 26 མོ་ཤེ་སྒར་གྱི་སྒོ་ཁ་རུ་འགྲེང་སྟེ། སུ་ཞིག་དཀོན་མཆོག་ཡ་ཝཱེའི་ཕྱོགས་བྱེད་པ་དེ་ཚུར་ཤོག་ཅིག་ཅེས་སྨྲས་པ་ན། ལེ་ཝིའི་བུ་རྒྱུད་ཐམས་ཅད་ཁོའི་དྲུང་དུ་འདུས། 27 ཡང་ཁོས་དེ་དག་ལ་འདི་ལྟར། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། མི་རེ་རེས་རང་གི་རལ་གྲི་རྐེད་ལ་བཏགས་ནས་སྒར་གྱི་སྒོ་འདི་ནས་སྒོ་དེའི་བར་དུ་ཕར་ཚུར་སོང་ལ། མི་རེ་རེས་རང་གི་སྤུན་དང་། རང་གི་གྲོགས་པོ་དང་། རང་གི་ཁྱིམ་མཚེས་སོད་ཅིག་ཅེས་བཀའ་བསྩལ་པ་ལ། 28 ལེ་ཝིའི་བུ་རྒྱུད་རྣམས་ཀྱིས་མོ་ཤེའི་བཀའ་བཞིན་དུ་བྱས་པས། ཉིན་དེར་མི་རྣམས་ལས་མི་སུམ་སྟོང་བསད། 29 ཡང་མོ་ཤེ་ཡིས་དེ་རྣམས་ལ་འདི་ལྟར། མི་རེ་རེས་རང་གི་བུ་དང་སྤུན་ལ་རྒོལ་བས། དེ་རིང་གི་ཉིན་མོ་ལ་དཀོན་མཆོག་ཡ་ཝཱེའི་ཕྱིར་ཁྱོད་ཅག་གིས་རང་ཉིད་དམ་པར་གྱིས། དེ་ནི་ཉིན་འདིར་ཁྱོད་ཅག་ལ་བྱིན་རླབས་གནང་བར་འགྱུར་བའི་ཕྱིར་ཡིན་ཞེས་སྨྲས་སོ། །
30 དེའི་ཕྱི་ཉིན་མོ་ཤེ་ཡིས་འབངས་མི་རྣམས་ལ། ཁྱོད་ཅག་གིས་སྡིག་པ་ཚབས་ཆེན་བྱས་པས། ང་རང་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཡར་འགྲོ་བར་བྱ་ཞིང་། ངས་ཁྱོད་ཅག་གི་ཕྱིར་སྡིག་བཤགས་བྱེད་ནུས་ཀྱང་སྲིད་ཅེས་སྨྲས། 31 མོ་ཤེ་ཕྱིར་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ལོག་ནས་ན་རེ། ཀྱེ། མི་འདི་རྣམས་ཀྱིས་སྡིག་པ་ཚབས་ཆེན་བྱས་ཏེ། རང་ཉིད་ལ་གསེར་གྱི་ལྷ་སྐུ་བཟོས། 32 ཁྱེད་ཀྱིས་དེ་དག་གི་སྡིག་པ་བསལ་བར་མཛོད། ཅི་སྟེ་མི་བསལ་ན། ཁྱེད་ཀྱིས་ཕྱག་གིས་བྲིས་པའི་གླེགས་བམ་ལས་ངའི་མིང་ཡང་གསུབ་པར་མཛོད་ཅེས་ཞུས། 33 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ང་ལ་འགལ་བའི་སྡིག་པ་བྱས་པའི་མི་སུ་ཡིན་ཡང་བདག་གིས་དེའི་མིང་ང་ཡི་གླེགས་བམ་ལས་གསུབ་པར་བྱ། 34 ད་ལྟ་ལམ་དུ་ཆས་ཏེ་ངས་ཁྱོད་ལ་སྨྲས་པའི་གནས་དེར་མི་རྣམས་འཁྲིད་པར་གྱིས། ལྟོས་དང་། བདག་གི་ཕོ་ཉ་ཁྱོད་ཀྱི་མདུན་དུ་འགྲོ་བར་ངེས། འོན་ཀྱང་ངས་ཉེས་ཆད་གཅོད་པའི་དུས་སུ་དེ་དག་གི་སྡིག་པར་ཉེས་ཆད་བཅད་ཡོང་ཞེས་གསུངས། 35 དེ་ནས་མི་རྣམས་ཀྱིས་ཨ་རོན་གྱིས་བཟོས་པའི་བ་ཕྲུག་ལ་བསྙེན་བཀུར་བྱས་པའི་རྐྱེན་གྱིས། དཀོན་མཆོག་ཡ་ཝཱེས་ཁོ་རྣམས་སྲོག་དང་འཕྲལ་བར་མཛད་པའོ། །