ལེའུ་སོ་བདུན་པ།
ཤུར་སྒམ་བཟོས་པའི་སྐོར།
ཡང་པི་ཟིད་ཨེལ་གྱིས་སེང་ལྡེང་ཤིང་གིས་ཤུར་སྒམ་བཟོས་པ་དང་། དེའི་རིང་ཚད་ལ་ཁྲུ་གཉིས་དང་ཕྱེད། ཞེང་ཚད་ལ་ཁྲུ་གཅིག་དང་ཕྱེད། མཐོ་ཚད་ལ་ཁྲུ་གཅིག་དང་ཕྱེད་ཀའོ། ། ཁོས་དེའི་ཕྱི་ནང་གཉིས་གསེར་བཙོ་མས་གཡོགས་པ་དང་། དེའི་མཐའ་འཁོར་ལ་གསེར་གྱི་མུ་ཁྱུད་ཅིག་བཟོས། ཡང་ཁོས་གསེར་གྱི་ཨ་ལོང་བཞི་བླུགས་ནས་དེའི་སུག་པ་བཞི་ལ་སྦྱར་བ་དང་། ཨ་ལོང་གཉིས་ལོགས་གཅིག་དང་ཨ་ལོང་གཞན་གཉིས་པོ་ལོགས་ཅིག་ཤོས་ལ་སྦྱར། ཡང་ཁོས་སེང་ལྡེང་ཤིང་གིས་རྒྱུག་པ་གཉིས་བཟོས་ནས་དེ་གསེར་གྱིས་གཡོགས་པ་དང་། ཤུར་སྒམ་དེ་འཁུར་བའི་ཕྱིར་རྒྱུག་པ་གཉིས་ཤུར་སྒམ་གྱི་ལོགས་གཉིས་ཀའི་ཨ་ལོང་རྣམས་ལ་བརྒྱུས་སོ། ། ཡང་ཁོས་གསེར་བཙོ་མས་ཐུགས་རྗེའི་བཞུགས་ཁྲི་བཟོས་ཤིང་དེའི་རིང་ཚད་ནི་ཁྲུ་གཉིས་དང་ཕྱེད། ཞེང་ཚད་ལ་ཁྲུ་གཅིག་དང་ཕྱེད་ཀའོ། ། ཐུགས་རྗེའི་བཞུགས་ཁྲི་ཡི་སྣེ་མོ་གཉིས་ལ་གསེར་གྱིས་འབུར་རྡུང་བྱས་པའི་ཀེ་རུབ་ཀྱི་གཟུགས་བརྙན་གཉིས་བཟོས་ཤིང་། ཀེ་རུབ་གཅིག་སྣེ་མོ་གཅིག་ལ་བཞག་པ་དང་། ཀེ་རུབ་ཅིག་ཤོས་སྣེ་མོ་གཞན་དེ་ལ་བཞག་སྟེ། ཀེ་རུབ་གཉིས་ནི་ཐུགས་རྗེའི་བཞུགས་ཁྲི་ཡི་སྣེ་མོ་གཉིས་ལ་དངོས་པོ་གཅིག་ཏུ་སྦྲེལ་བཟོ་བྱས། དེ་གཉིས་ཀྱིས་གཤོག་པ་གྱེན་དུ་བརྐྱངས་ནས་ཐུགས་རྗེའི་བཞུགས་ཁྲི་གཡོགས་ཡོད་པ་དང་། ཕན་ཚུན་ལ་གདོང་གཏད་པ་དང་ཡང་དེ་གཉིས་ཀྱི་ཞལ་ངོ་ནི་བཞུགས་ཁྲི་ལ་འཁོར་ནས་ཡོད་དོ། །
སྤྱན་བསྟར་བག་ལེབ་ཀྱི་སྒྲོག་ཙེ་བཟོས་པའི་སྐོར།
10 ཡང་ཁོས་སེང་ལྡེང་ཤིང་གིས་སྒྲོག་ཙེ་ཞིག་བཟོས་ཤིང་། དེའི་རིང་ཚད་ལ་ཁྲུ་གཉིས། ཞེང་ཚད་ལ་ཁྲུ་གཅིག མཐོ་ཚད་ལ་ཁྲུ་གཅིག་དང་ཕྱེད་ཀ་བཅས་ཡོད། 11 ཁོས་དེ་གསེར་བཙོ་མས་གཡོགས་པ་དང་དེའི་མཐའ་འཁོར་ལ་གསེར་གྱི་མུ་ཁྱུད་ཅིག་བཟོས། 12 ཁོས་མུ་ཁྱུད་དེའི་འགབ་ཏུ་ཡང་མཐོ་ཚད་ལ་སོར་བཞི་ཅན་གྱི་མཐའ་རྒྱན་ཞིག་བཟོས་པ་དང་། དེའི་སྟེང་དུ་ཡང་གསེར་གྱི་མུ་ཁྱུད་ཅིག་སྦྱར། 13 ཡང་དེ་ལ་གསེར་གྱི་ཨ་ལོང་བཞི་བཟོས་ཏེ། དེའི་གྲུ་བཞིའི་སུག་པ་བཞི་ལ་སྦྱར། 14 ཨ་ལོང་དེ་དག་མཐའ་རྒྱན་གྱི་འཁྲིས་སུ་སྦྱར་ཏེ་སྒྲོག་ཙེ་འཁུར་བའི་ཕྱིར་དེ་དག་ནི་རྒྱུག་པ་རྣམས་ཀྱི་བསྐོན་ས་བྱས། 15 སྒྲོག་ཙེ་འཁུར་བའི་ཕྱིར་ཁོས་རྒྱུག་པ་དེ་རྣམས་སེང་ལྡེང་ཤིང་གིས་བཟོས་ཏེ་གསེར་གྱིས་གཡོགས་ཤིང་། 16 སྒྲོག་ཙེ་སྟེང་གི་ཡོ་བྱད་ཐམས་ཅད་དེ། གཞོང་པ་དང་སྡེར་མ་དང་། སྐྱེམས་མཆོད་འབུལ་བྱེད་ཨུ་ལུ་དང་བུམ་པ་བཅས་གསེར་བཙོ་མས་བཟོས་སོ། །
སྒྲོན་སྟེགས་བཟོས་པའི་སྐོར།
17 ཡང་ཁོས་སྒྲོན་སྟེགས་དེ་གསེར་བཙོ་མས་བཟོས་ཤིང་། སྒྲོན་སྟེགས་དང་དེའི་ཞབས་ར་དང་སྟེགས་རྐང་བཅས་འབུར་རྡུང་གིས་བཟོས་པ་དང་། དེའི་སྒྲོན་ཕོར་དང་། གང་བུའི་གཟུགས་དང་མེ་ཏོག་གི་དབྱིབས་ཚུགས་བཅས་སྒྲོན་སྟེགས་དང་དངོས་པོ་གཅིག་ཏུ་སྦྲེལ་བཟོ་བྱས། 18 སྒྲོན་སྟེགས་ཀྱི་ལོགས་གཉིས་ནས་གེལ་པ་དྲུག་ཐོན་པར་བྱས་ཤིང་། སྒྲོན་སྟེགས་ཀྱི་ལོགས་གཅིག་ནས་གེལ་པ་གསུམ་དང་ལོགས་ཅིག་ཤོས་སུ་གེལ་པ་གསུམ་ཐོན་པར་བྱས། 19 ལོགས་གཉིས་ཀའི་གེལ་པ་རེ་ལ་སྟར་སྡོང་གི་མེ་ཏོག་ལྟར་བྱས་པའི་སྒྲོན་ཕོར་གསུམ་རེ་ཡོད་པ་དང་། སྒྲོན་ཕོར་རེ་རེའི་སྟེགས་རྐང་དུ་གང་བུའི་གཟུགས་ཤིག་དང་། མེ་ཏོག་གཟུགས་ཤིག་བཅས་ཡོད་པར་བྱས། སྒྲོན་སྟེགས་ཀྱི་སྤྱི་སྡོམ་གེལ་པ་དྲུག་པོ་ཕན་ཚུན་ཆ་མཚུངས་པར་བྱས། 20 ཡང་སྒྲོན་སྟེགས་རྐང་པའི་སྟར་སྡོང་གི་མེ་ཏོག་ལྟར་བྱས་པའི་སྒྲོན་ཕོར་བཞི་ལ་གང་བུའི་གཟུགས་ཤིག་དང་མེ་ཏོག་གཟུགས་ཤིག་བཅས་ཡོད་པར་བྱས། 21 དེའི་གེལ་པ་ཟུང་གཅིག་གི་འོག་ཏུ་གང་བུའི་གཟུགས་ཤིག དེའི་གེལ་པ་གཞན་ཟུང་གི་འོག་ཏུའང་གང་བུའི་གཟུགས་ཤིག་སྟེ། དེ་ལྟར་སྒྲོན་སྟེགས་ལས་བྱུང་བའི་གེལ་པ་དྲུག་པོ་ལ་ཡོད་པར་བྱས། 22 གང་བུའི་གཟུགས་རྣམས་དང་གེལ་པ་རྣམས་ནི་མུ་འབྲེལ་དུ་འབུར་རྡུང་བྱས་པའི་གསེར་བཙོ་མས་བཟོས་སོ། ། 23 ཡང་ཁོས་དེ་ལ་སྒྲོན་མེ་བདུན་དང་དེའི་སྡོང་རས་གཅོད་བྱེད་སྐམ་ཆུང་དང་ཀ་ཏོ་ར་རྣམས་གསེར་བཙོ་མས་བཟོས། 24 སྒྲོན་སྟེགས་དང་དེའི་ཡོ་བྱད་ཐམས་ཅད་གསེར་བཙོ་མ་རྡོ་ཚད་གཅིག་གིས་བཟོས་སོ། །
སྤོས་ཁྲི་བཟོས་པའི་སྐོར།
25 ཡང་ཁོས་སེང་ལྡེང་ཤིང་གིས་སྤོས་ཁྲི་བཟོས་ཏེ། དེའི་རིང་ཚད་ལ་ཁྲུ་གཅིག་དང་། ཞེང་ཚད་ལ་ཁྲུ་གཅིག་སྟེ་གྲུ་བཞི་མ་ཞིག་ཡིན་ལ། ཡང་དེའི་མཐོ་ཚད་ལ་ཁྲུ་གཉིས་ཡིན་པར་བྱས་ཤིང་། རུ་ཐུར་རྣམས་སྤོས་ཁྲི་དང་དངོས་པོ་གཅིག་ཏུ་སྦྲེལ་བཟོ་བྱས། 26 ཁོས་དེའི་ཐོག་དང་ལོགས་བཞི་དང་རུ་ཐུར་རྣམས་གསེར་བཙོ་མས་གཡོགས་ཏེ། དེའི་མཐའ་འཁོར་ལ་གསེར་གྱི་མུ་ཁྱུད་ཅིག་བཟོས། 27 ཡང་མུ་ཁྱུད་འོག་ནས་ཁ་གཏད་ཀྱི་ལོགས་གཉིས་ཀར་གསེར་གྱི་ཨ་ལོང་གཉིས་བཟོས་པ་དང་། དེ་ནི་རྒྱུག་པ་གཉིས་བསྐོན་ས་བྱས་ཤིང་། སྤོས་ཁྲི་འཁུར་བའི་ཕྱིར་ཡིན། 28 རྒྱུག་པ་དེ་གཉིས་སེང་ལྡེང་ཤིང་གིས་བཟོས་ཏེ་གསེར་གྱིས་གཡོགས་སོ། །
29 ཡང་སྤོས་ཆུ་བཟོ་མཁན་གྱི་ལུགས་བཞིན་དུ། ཁོས་འབྱུག་སྣུམ་དམ་པ་དང་དྲི་ཞིམ་སླད་མེད་ཀྱི་བདུག་སྤོས་ནི་བསུང་རྫས་ནས་བཟོས་སོ། །