ལེའུ་སོ་དགུ་པ།
མཆོད་དཔོན་གྱི་འཕགས་གོས།
གནས་དམ་པ་ནས་ཞབས་ཕྱི་བྱེད་པའི་ཕྱིར་པི་ཟིད་ཨེལ་སོགས་ཀྱིས་ཐགས་ཞིབ་མོར་བཏགས་པའི་གོས་རྣམས་བཟོས་པ་ནི། བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་བཅས་ཀྱིས། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་དུ་འཕགས་གོས་དམ་པ་རྣམས་ཨ་རོན་གྱི་ཕྱིར་བཟོས་སོ། ། ཁོས་བེར་ཐུལ་གྱི་རྒྱུ་ནི་གསེར་སྐུད་དང་བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་དང་སོ་རས་སྲབ་བུ་བསྒྲིམས་པ་ཅན་དང་། དེ་དག་གིས་གསེར་ནི་ལེབ་མོ་སྲབ་བུར་བརྡུངས་ནས་སྐུད་པ་དྲས་ཤིང་། བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་དང་སོ་རས་སྲབ་བུ་བཅས་ཀྱིས་འཐག་མཁན་ལག་རྩལ་ཅན་གྱི་ལས་བཞིན་དུ་ཆ་མཚུངས་པར་སྦྱར། བེར་ཐུལ་ལ་ཡང་དཔུང་པའི་ཕྲག་ཁེབས་གཉིས་བཟོས་ཤིང་། བེར་ཐུལ་གྱི་ཕྲག་མགོ་གཉིས་ལ་སྦྲེལ་ཞིང་འཆིང་བར་བྱས། ཡང་བེར་ཐུལ་དང་འབྲེལ་བའི་སྐེད་ཆིངས་མཆོར་པོ་ཅན་ནི་བེར་ཐུལ་གྱི་བཟོ་ཚུལ་དང་གཅིག་མཚུངས་ཡིན་ཞིང་། དེའི་རྒྱུ་ནི་གསེར་སྐུད་དང་བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་དང་སོ་རས་སྲབ་བུ་བསྒྲིམས་པ་ཅན་ཡིན་ཏེ། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་ནོ། །
ཡང་དེ་དག་གིས་གཟི་གཉིས་སྟ་གོན་བྱས་ནས་གསེར་གྱི་འབུར་ཀོང་གིས་བསྐོར་བ་དང་དམ་ཕྲུག་བརྐོ་བ་བཞིན་དུ་གཟི་གཉིས་ཀྱི་སྟེང་དུ་ཡེས་ར་ཨེལ་གྱི་བུ་རྣམས་ཀྱི་མིང་བརྐོས། རྡོ་དེ་གཉིས་བེར་ཐུལ་གྱི་དཔུང་པའི་ཕྲག་ཁེབས་གཉིས་ལ་སྦྱར་ཅིང་། ཡེས་ར་ཨེལ་གྱི་བུ་རྣམས་ལ་རྗེས་དྲན་བྱེད་པའི་ཕྱིར་རོ། །དེ་ནི་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་ནོ། །
བྲང་རྒྱན་བཟོས་པའི་སྐོར།
ཡང་པི་ཟིད་ཨེལ་གྱིས་བྲང་རྒྱན་དེ་བཟོས་ལ། དེ་ནི་བཟོ་བ་ལག་རྩལ་ཅན་གྱིས་བྱས་པ་དང་བེར་ཐུལ་གྱི་བཟོ་ཚུལ་བཞིན་དུ་བཟོས། དེ་ནི་གསེར་སྐུད་དང་བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་དང་སོ་རས་སྲབ་བུ་བསྒྲིམས་པ་ཅན་གྱིས་བཟོས་ཟིན་ཏོ། ། དེ་ནི་གྲུ་བཞི་མ་ཞིག་ཡིན་ལ། རིང་ཚད་ལ་མཐོ་གང་དང་ཞེང་ལ་ཡང་མཐོ་གང་ཡོད་དེ་ཉིས་ལྟེབ་ཡིན། 10 དེ་ལ་ཕ་ལམ་ཤུར་ཕྲེང་བཞིའི་ཕྲ་བཏབ་ཡོད་དེ། ཤུར་ཕྲེང་དང་པོ་ནི་པདྨ་རཱ་ག་དང་། སྤྲིན་རྡོ། མ་རྒད་བཅས་གསུམ་དང་། 11 ཤུར་ཕྲེང་གཉིས་པ་ནི་གཡུ་དང་ཨིནྡྲ་ནཱི་ལ་དང་རྡོ་རྗེ་ཕ་ལམ་བཅས་གསུམ། 12 ཤུར་ཕྲེང་གསུམ་པ་ནི་རྟ་ཀླད་སྨུག་པོ་དང་། ཤེལ་རྡོ་དང་། མུ་མེན་བཅས་གསུམ། 13 ཤུར་ཕྲེང་བཞི་པ་ནི་བཻཌཱུརྱ་ལྗང་སེར་དང་། གཟི་དང་གཡང་ཊི་སྔོན་པོ་བཅས་གསུམ་སྟེ། དེ་དག་ནི་གསེར་གྱི་འབུར་ཀོང་ལ་བཏབ། 14 རིན་པོ་ཆེ་དེ་དག་གིས་ཡེས་ར་ཨེལ་གྱི་བུ་རྣམས་ཀྱི་མིང་གི་མཚོན་རྟགས་བྱེད་ཅིང་མིང་ལྟར་བཅུ་གཉིས་ཡོད་དེ། དམ་ཕྲུག་བཞིན་དུ་རིན་པོ་ཆེ་རེ་རེའི་སྟེང་དུ་ཡེས་ར་ཨེལ་གྱི་ཚོ་པ་བཅུ་གཉིས་པོའི་མིང་རེ་རེ་བཞིན་དུ་བརྐོས་ཟིན་ཏོ། ། 15 དེ་དག་གིས་བྲང་རྒྱན་ལ་གསེར་བཙོ་མས་བསླེས་པའི་ཉག་ཐག་བཟོས་ཤིང་། 16 གསེར་གྱི་འབུར་ཀོང་གཉིས་དང་ཨ་ལོང་གཉིས་བཟོས་ཏེ་ཨ་ལོང་གཉིས་བྲང་རྒྱན་གྱི་གྲུ་ག་གཉིས་ལ་སྦྱར། 17 ཡང་གསེར་གྱི་ཉག་ཐག་དེ་གཉིས་ནི་བྲང་རྒྱན་གྱི་གྲུ་ག་རུ་ཡོད་པའི་ཨ་ལོང་གཉིས་ལ་བརྒྱུས་ཡོད་ཅིང་། 18 དེ་ནས་ཉག་ཐག་གི་སྣེ་གཉིས་འབུར་ཀོང་གཉིས་ལ་བཅུག་སྟེ། བེར་ཐུལ་གྱི་དཔུང་པའི་ཕྲག་ཁེབས་ཀྱི་མདུན་ལོགས་ལ་སྦྱར། 19 ཡང་ཁོས་གསེར་གྱི་ཨ་ལོང་གཞན་གཉིས་བཟོས་ནས་བྲང་རྒྱན་གྱི་གྲུ་ག་གཉིས་ལ་སྦྱར་ཅིང་། སྦྱོར་ས་དེ་ནི་བྲང་རྒྱན་གྱི་ཟུར་ཁ་ཡིན་ལ་བྲང་རྒྱན་དང་བེར་ཐུལ་གྱི་བར་མཚམས་ཀྱང་ཡིན། 20 ཡང་ཁོས་གསེར་གྱི་ཨ་ལོང་གཉིས་བཟོས་ནས། བེར་ཐུལ་གྱི་དཔུང་པའི་ཕྲག་ཁེབས་གཉིས་ཀྱི་མདུན་ལོགས་ཀྱི་འོག་དང་སྐེད་ཆིངས་མཆོར་པོ་ཅན་གྱི་འབྲེལ་སའི་ཅུང་ཟད་གོང་དུ་བཅུག་ཅིང་། 21 བྲང་རྒྱན་དེ་བེར་ཐུལ་གྱི་སྐེད་ཆིངས་མཆོར་པོ་ཅན་དང་དམ་དུ་འབྲེལ་བ་དང་བེར་ཐུལ་ལས་མི་འཆོར་བའི་ཕྱིར། བྲང་རྒྱན་གྱི་ཨ་ལོང་དེ་བེར་ཐུལ་གྱི་ཨ་ལོང་ལ་སྡེམ་ཐག་སྔོན་པོ་ཡིས་བསྡམས་ཤིང་། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་ནོ། །
འཕགས་གོས་གཞན་རྣམས་བཟོས་པའི་སྐོར།
22 པི་ཟིད་ཨེལ་གྱིས་ཡང་བེར་ཐུལ་འོག་གི་གོས་རིང་ནི་ཁ་དོག་སྔོན་པོས་འཐག་བཟོའི་ལུགས་ལྟར་བྱས་ཤིང་། 23 དེའི་སྟོད་དཀྱིལ་དུ་མགོའི་ཕྱིར་ཁུང་བུ་ཞིག་བཞག་ཅིང་། དེའི་མཐའ་འཁོར་ལ་འཐག་བཟོ་བྱས་པའི་གོང་བ་ཞིག་ཀྱང་བཟོས་ཏེ། མི་རལ་བའི་ཕྱིར་གོ་ཁྲབ་ཀྱི་གོང་བ་ལྟར་དུ་བཟོས། 24 ཡང་དེའི་གོས་འདབ་ཀྱི་མཐའ་འཁོར་དུ་བལ་སྐུད་མཐིང་ག་དང་རྒྱ་སྨུག མཚལ་དམར་དང་སོ་རས་སྲབ་བུ་བསྒྲིམས་པ་ཅན་བཅས་ཀྱི་སེ་འབྲུས་བརྒྱན་ཡོད་ཅིང་། 25 གསེར་བཙོ་མས་གཡེར་ཁ་རྣམས་བཟོས་ཤིང་། སེ་འབྲུ་རེ་རེའི་བར་གསེབ་ཏུ་གསེར་གྱི་གཡེར་ཁ་རྣམས་བེར་ཐུལ་གྱི་འདབ་ཟུར་ཐམས་ཅད་ལ་སྦྱར། 26 གཡེར་ཁ་གཅིག་དང་སེ་འབྲུ་གཅིག ཡང་གཡེར་ཁ་གཅིག་དང་སེ་འབྲུ་གཅིག་བཅས་གོས་རིང་གི་འདབ་ཁ་ཐམས་ཅད་ལ་སྦྱར། དཀོན་མཆོག་ལ་ཞབས་ཕྱི་སྒྲུབ་སྐབས་གྱོན་པའི་ཕྱིར་བཟོས་ཏེ། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་ནོ། །
27 ཡང་དེ་དག་གིས་འཐག་མཁན་གྱི་ལས་བཞིན་དུ་ཨ་རོན་དང་ཁོའི་བུ་རྣམས་ལ་སོ་རས་སྲབ་བུ་ཡིས་ནང་གོས་བཟོས་པ་དང་། 28 ཡང་སོ་རས་ཀྱིས་ལ་ཐོད་དང་པྲོག་ཞུ་མཛེས་སྡུག་ལྡན་པ་རྣམས་བཟོས་པ་དང་། སོ་རས་སྲབ་བུ་བསྒྲིམས་པ་ཅན་གྱིས་ཨང་ཐུང་བཟོས་པ་དང་། 29 སྐེད་ཆིངས་ནི་བལ་སྐུད་མཐིང་ག་དང་། རྒྱ་སྨུག་དང་། མཚལ་དམར་དང་། སོ་རས་སྲབ་བུ་བསྒྲིམས་པ་ཅན་བཅས་ནས་འཐག་མཁན་གྱི་ལས་བཞིན་དུ་བཟོས་ཏེ། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་དུའོ། །
30 ཡང་དེ་དག་གིས་གསེར་བཙོ་མས་ཅོད་པན་དམ་པའི་བྱང་བུ་བཟོས་ཤིང་། དེའི་སྟེང་ལ་དམ་ཕྲུག་བརྐོ་བ་བཞིན་དུ། དཀོན་མཆོག་ཡ་ཝཱེའི་ཕྱིར་དུ་དམ་པའོ་ཞེས་བརྐོས། 31 ཡང་དེ་ལ་རས་སྔོན་པོའི་ཉག་ཐག་ཅིག་སྦྱར་ནས་གོང་གི་ལ་ཐོད་དང་སྦྲེལ་བ་སྟེ། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་ནོ། །
མོ་ཤེ་ཡིས་གུར་མཆོག་གི་བྱས་འབྲས་ཐམས་ཅད་ལ་བལྟས་པ།
32 དེ་དག་གིས་དེ་ལྟར་གུར་མཆོག་སྟེ་མཇལ་འཕྲད་གུར་མཆོག་གི་ཕྱིར་ལས་ཀ་ཐམས་ཅད་རྫོགས་པ་དང་། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཅི་དང་ཅི་གནང་བ་བཞིན་དུ་ཡེས་ར་ཨེལ་པ་རྣམས་ཀྱིས་བྱས་ཏེ། དེ་ག་བཞིན་དུ་བྱས་སོ། ། 33 དེ་ནས་དེ་དག་གིས་མོ་ཤེའི་དྲུང་དུ་གུར་མཆོག་ཁྱེར་འོངས་ནས། གུར་དེ་དང་དེའི་ཡོ་བྱད་ཐམས་ཅད་དེ། དེའི་ཀྱུ་རྣམས་དང་། པང་ལེབ་དང་། འཕྲེད་རྒྱུག་དང་། ཀ་བ་དང་དེའི་ཞབས་ར་དང་། 34 རྒྱ་ཚོས་བརྒྱབ་པའི་ལུག་ཐུག་གི་པགས་པ་ནས་གུར་མཆོག་གི་ཁེབས་རས་དང་། དེའི་སྟེང་དུ་ཀོ་བ་སྤུས་ལེགས་རྣམས་ལས་བྱས་པའི་ཁེབས་དང་། གཡོག་བྱེད་ཀྱི་ཡོལ་བ་དང་། 35 དཔང་མཛད་ཤུར་སྒམ་དང་དེའི་རྒྱུག་པ་རྣམས་དང་། ཐུགས་རྗེའི་བཞུགས་ཁྲི་དང་། 36 སྒྲོག་ཙེ་དང་དེའི་ཡོ་བྱད་ཐམས་ཅད་དང་སྤྱན་བསྟར་བག་ལེབ་དང་། 37 གསེར་བཙོ་མའི་སྒྲོན་སྟེགས་དང་དེ་ལ་གྲལ་བསྒྲིགས་པའི་སྒྲོན་མེ་རྣམས་དང་། དེའི་ཡོ་བྱད་ཐམས་ཅད་དང༌། སྒྲོན་མེའི་ཕྱིར་འཚིར་སྣུམ་དང་། 38 གསེར་གྱི་སྤོས་ཁྲི་དང་། འབྱུག་སྣུམ་དང་དྲི་ཞིམ་བདུག་སྤོས་དང་གུར་མཆོག་གི་སྒོ་ཡོལ་དང་། 39 ལི་ཡི་མཆོད་ཁྲི་དང་དེའི་སྟེང་གི་ལི་ཡི་ཐག་མིག་དང་དེའི་རྒྱུག་པ་རྣམས་དང་དེའི་ཡོ་བྱད་ཐམས་ཅད་དང་། ཁྲུས་གཞོང་དང་དེའི་སྟེགས་བུ་དང་། 40 ཁྱམས་རའི་ཡོལ་བ་རྣམས་དང་དེའི་ཀ་བ་དང་། ཞབས་ར་དང་། ཁྱམས་རའི་སྒོ་ཡོལ་དང་དེའི་ཆོན་ཐག་དང་ཕུར་བ་དང་། གུར་མཆོག་སྟེ་མཇལ་འཕྲད་གུར་མཆོག་གི་ཕྱིར་བཀོལ་སྤྱོད་བྱེད་པའི་ཡོ་བྱད་ཐམས་ཅད་དང་། 41 གནས་དམ་པར་ཞབས་ཕྱི་བྱེད་པའི་ཆེད་དུ་ཐགས་ཞིབ་མོར་བཏགས་པའི་གོས་རྣམས་དང་། མཆོད་དཔོན་ཨ་རོན་གྱི་ན་བཟའ་དམ་པ་རྣམས་དང་། ཁོའི་བུ་རྣམས་ཀྱིས་མཆོད་དཔོན་གྱི་ཞབས་ཕྱི་བྱེད་པའི་ཕྱིར་ན་བཟའ་བཅས་ཁྱེར་ནས་འོངས། 42 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཅི་དང་ཅི་གནང་བ་བཞིན་དུ་ཡེས་ར་ཨེལ་པ་རྣམས་ཀྱིས་ལས་ཀ་དེ་ཐམས་ཅད་བྱས་སོ། ། 43 དེ་ནས་མོ་ཤེ་ཡིས་ལས་ཀ་དེ་ཐམས་ཅད་ལ་བལྟས་ནས། ལྟོས་དང་དཀོན་མཆོག་ཡ་ཝཱེས་བཀའ་ཇི་ལྟར་གནང་བ་བཞིན་དུ་ཁོ་རྣམས་ཀྱིས་དེ་ལྟར་བསྒྲུབས་པས། ཁོས་དེ་དག་ལ་བྱིན་གྱིས་བརླབས་སོ། །