ལེའུ་དྲུག་པ།
རྒྱལ་པོ་ཀོ་རེས་ཀྱི་བཀའ་ཡིག་བཙལ་ནས་རྙེད་པ།
དེར་རྒྱལ་པོ་དར་ཡཱ་ཡིས་པཱ་པེལ་ལོན་གྱི་ཡིག་ཚང་ཁང་དུ་རྩད་གཅོད་བྱེད་པའི་བཀའ་གནང་བས། མ་དཱི་ཡ་ཡུལ་གྱི་ཨག་མེ་ཐའི་མཁར་ནང་དུ་ཤོག་དྲིལ་ཞིག་རྙེད་ཅིང་། དེའི་ནང་དུ་འདི་ལྟར་བྲིས་ཡོད་དེ། རྒྱལ་པོ་ཀོ་རེས་ཀྱིས་རྒྱལ་སྲིད་བསྐྱངས་པའི་ལོ་དང་པོར། རྒྱལ་པོས་ཡེ་རུ་སཱ་ལེམ་གྱི་དཀོན་མཆོག་གི་མཆོད་ཁང་སྐོར་ལ་འདི་སྐད་ཅེས་བཀའ་གནང་སྟེ། མཆོད་ཁང་དེ་ཡང་བསྐྱར་བཞེངས་ནས་མཆོད་པ་འབུལ་བའི་གནས་སུ་གྱིས་ཤིག མཆོད་ཁང་གི་རྨང་གཞི་འདིང་དགོས། མཐོ་ཚད་ལ་དཔུང་ཚད་དྲུག་ཅུ་དང་། ཞེང་ལ་དཔུང་ཚད་དྲུག་ཅུ་ཡོད་པ་ཞིག་དགོས། རྡོ་ཕ་བོང་ཆེན་པོའི་བང་རིམ་གསུམ་དང་། གདུང་མ་བང་རིམ་གཅིག་ཡོད་དགོས། དེའི་འགྲོ་སོང་ནི་རྒྱལ་པོའི་བང་མཛོད་ནས་འབུལ་བར་འགྱུར། ཡང་ནེ་བོ་ཀད་ནེ་ཙར་གྱིས་ཡེ་རུ་སཱ་ལེམ་དུ་དཀོན་མཆོག་གི་མཆོད་ཁང་ནས་གསེར་དང་དངུལ་གྱི་སྣོད་ཆས་རྣམས་ཕྲོགས་ཏེ་པཱ་པེལ་ལོན་དུ་ཁྱེར་བ་དེ་དག་ཕྱིར་སྤྲད་དེ། ཡེ་རུ་སཱ་ལེམ་གྱི་མཆོད་ཁང་དུ་ཁྱེར་ནས་སྔར་གནས་སུ་ཞོག་ཅིག་ཅེས་པའོ། །
རྒྱལ་པོ་དར་ཡཱས་མཆོད་ཁང་ཡང་བསྐྱར་བཞེང་དགོས་པའི་བཀའ་ཕབ་པ།
དེ་ནས་རྒྱལ་པོ་དར་ཡཱས་འདི་ལྟར། ཀྱེ། གཙང་པོའི་ནུབ་ཕྱོགས་སུ་སྡོད་པའི་སྤྱི་དཔོན་ཐད་ན་ཨི་དང་། ཧྲི་ཐིར་པོ་ཟི་ནཱ་ཨི་དང་། ཁྱོད་ཚོའི་གཙང་པོའི་ནུབ་ཕྱོགས་སུ་སྡོད་པའི་གྲོས་མི་རྣམས་དང་བཅས་པའི་འོ་ཟི་ག་པ་ཁྱོད་རྣམས་ཡུལ་དེར་རྒྱང་བཀྱེད་ཅིག ཁྱོད་ཚོས་དཀོན་མཆོག་གི་མཆོད་ཁང་བཞེང་བར་བཀག་འགོག་མ་བྱེད་ཅིག ཡ་ཧུ་དཱ་པའི་འགོ་དཔོན་དང་རྒན་པོ་རྣམས་ལ་སྔར་གནས་སུ་མཆོད་ཁང་ཡང་བསྐྱར་བཞེང་དུ་ཆུག ད་ལྟ་བདག་གིས་ཡང་བསྐྱར་བཀའ་ཞིག་འབེབ་པར་བྱ་སྟེ། ཁྱོད་ཚོས་དཀོན་མཆོག་གི་མཆོད་ཁང་བཞེང་བའི་ཡ་ཧུ་དཱ་པའི་རྒན་པོ་རྣམས་ལ་རོགས་བྱས་ཏེ། ཁོ་ཚོའི་འགྲོ་སོང་རྒྱལ་པོའི་བང་མཛོད་ནས་གཙང་པོའི་ཕ་རོལ་གྱི་དཔྱ་ཁྲལ་ལས་གཏོང་དགོས། དེ་ལྟར་མ་བསྒྲུབས་ན་ལས་མཚམས་ཆད་ངེས་ཡིན། ཁོ་ཚོས་ནམ་མཁའི་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པར་འབུལ་བའི་གླང་ཐུག་དང་། ལུག་ཐུག ལུ་གུ། གྲོ། ཚྭ། རྒུན་ཆང་། སྣུམ་བཅས་ཐམས་ཅད་ཡེ་རུ་སཱ་ལེམ་གྱི་མཆོད་དཔོན་གྱིས་སྨྲས་པ་བཞིན་དུ་མ་ཆག་པར་ཉིན་རེ་བཞིན་སྤྲད་ནས། 10 དེ་དག་གིས་ནམ་མཁའི་དཀོན་མཆོག་ལ་དྲི་ཞིམ་གྱི་མཆོད་པ་འབུལ་བ་དང་། རྒྱལ་པོ་དང་ཁོང་གི་བུ་རྒྱུད་རྣམས་བདེ་ཞིང་སྐྱིད་པའི་ཕྱིར་སྨོན་ལམ་འདེབས་སུ་ཆུག 11 ཡང་བདག་གིས་བཀའ་ཞིག་འབེབ་པར་བྱ་སྟེ། སུ་ཞིག་གིས་བཀའ་འདི་བསྒྱུར་ན། མི་དེའི་ཁང་པ་ནས་གདུང་མ་ཞིག་བླངས་ཏེ་ཁོ་རང་དེའི་སྟེང་དུ་བཀལ་ནས་དཔྱང་དགོས་ལ། ཁོའི་ཁང་པ་ཡང་ཐལ་དུ་བརླག་པར་འགྱུར། 12 རྒྱལ་པོ་དང་ཡང་ན་འབངས་མི་སུ་ཞིག་གིས་བདག་གི་བཀའ་འདི་བསྒྱུར་ནས་ཡེ་རུ་སཱ་ལེམ་གྱི་དཀོན་མཆོག་གི་མཆོད་ཁང་འདི་བཤིག་ན། ཉིད་ཀྱི་མཚན་དེ་རུ་གནས་པར་མཛད་པའི་དཀོན་མཆོག་གིས་དེ་དག་འཇོམས་པར་མཛོད་ཅིག འདི་ནི་ང་དར་ཡཱའི་བཀའ་ཡིན་ཏེ། ཁྱོད་ཚོས་བརྩོན་འགྲུས་ཀྱིས་མྱུར་དུ་སྒྲུབས་ཤིག་ཅེས་བཀའ་བསྒོས་སོ། །
མཆོད་ཁང་གྲུབ་པའི་མཛད་སྒོ།
13 དེ་ནས་གཙང་པོའི་ཕ་རོལ་གྱི་སྤྱི་དཔོན་ཐད་ན་ཨི་དང་། ཧྲི་ཐིར་པོ་ཟི་ནཱ་ཨི་དང་། དེ་དག་གི་གྲོས་མི་རྣམས་ཀྱིས་རྒྱལ་པོ་དར་ཡཱའི་བཀའ་གནང་བ་བཞིན་མྱུར་དུ་བསྒྲུབས། 14 ཡང་ཡ་ཧུ་དཱ་པའི་རྒན་པོ་རྣམས་ཀྱིས་ལུང་སྟོན་པ་ཧག་གཱ་ཨི་དང་། ཨིད་དོའི་ཚ་བོ་སྟེ་ཟཱ་ཀར་ཡའི་ལུང་བསྟན་གྱི་སྒོ་ནས་མྱུར་དུ་བསྐྱར་བཞེངས་ཀྱི་ལས་ཀ་བསྒྲུབས། ཁོ་ཚོས་ཡེས་ར་ཨེལ་གྱི་དཀོན་མཆོག་གི་བཀའ་དང་། ཏ་ཟིག་གི་རྒྱལ་པོ་ཀོ་རེས་དང་། དར་ཡཱ་དང་། ཨར་ཐག་ཤཱ་ཐི་བཅས་ཀྱི་བཀའ་ལྟར་བསྐྱར་བཞེངས་ཀྱི་ལས་ཀ་འགྲུབ་པར་བྱས། 15 རྒྱལ་པོ་དར་ཡཱས་རྒྱལ་སྲིད་བསྐྱངས་པའི་ལོ་དྲུག་པའི་ཨ་དར་ཟླ་བའི་ཚེས་གསུམ་ཉིན་མཆོད་ཁང་བཞེངས་ནས་གྲུབ་བོ། ། 16 དེ་ནས་ཡེས་ར་ཨེལ་པའི་མཆོད་དཔོན་དང་ལེ་ཝི་པ། བཙོན་ལས་ཐར་ཏེ་ཕྱིར་ལོག་པའི་མི་རྣམས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་དཀོན་མཆོག་གི་མཆོད་ཁང་བསྔོ་བའི་མཛད་སྒོར་རོལ། 17 ཁོ་ཚོས་དཀོན་མཆོག་གི་མཆོད་ཁང་གི་མཛད་སྒོར་རྟེན་འབྲེལ་ཞུ་བའི་སྐབས་སུ། གླང་བརྒྱ་དང་། ལུག་ཐུག་ཉིས་བརྒྱ། ལུ་གུ་བཞི་བརྒྱ་བཅས་དང་། ཡང་ཡེས་ར་ཨེལ་ཚོ་ཁག་བཅུ་གཉིས་ཀྱི་གྲངས་ཀ་ལྟར་ཚང་མས་སྡིག་བཤགས་ཀྱི་མཆོད་པའི་ཕྱིར་ར་ཕོ་བཅུ་གཉིས་ཕུལ། 18 ཡང་མོ་ཤེའི་མདོ་ནང་བཀོད་པ་བཞིན་དུ། མཆོད་དཔོན་དང་ལེ་ཝི་པ་རྣམས་ལ་དུས་བཅད་བཞིན་དུ་ཡེ་རུ་སཱ་ལེམ་ནས་དཀོན་མཆོག་གི་ཞབས་ཏོག་སྒྲུབ་ཏུ་བཅུག་གོ །
པེ་སག་དུས་ཆེན་བསྲུངས་པ།
19 དེ་ནས་བཙོན་ལས་ཐར་བའི་མི་རྣམས་ཀྱིས་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་པེ་སག་དུས་ཆེན་བསྲུངས་ཏེ། 20 མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱིས་ལྷན་ཅིག་ཏུ་རང་ཉིད་གཙང་མར་བཟོས་ནས་ཐམས་ཅད་དག་པར་གྱུར། དེ་ནས་ལེ་ཝི་པ་རྣམས་ཀྱིས་བཙོན་ལས་ཐར་བའི་མི་རྣམས་དང་། ཁོ་ཚོའི་སྤུན་མཆོད་དཔོན་རྣམས་དང་རང་ཉིད་ཀྱི་ཕྱིར་པེ་སག་དུས་ཆེན་གྱི་ལུ་གུ་བཤས་པ་དང་། 21 བཙོན་ལས་ཐར་བའི་ཡེས་ར་ཨེལ་པ་རྣམས་དང་། ཡུལ་དེའི་ཕྱི་རོལ་པའི་མི་གཙང་བ་དང་བྲལ་ཞིང་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་འཚོལ་འདོད་པ་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་ལུ་གུའི་ཤ་ཟོས་ཤིང་། 22 ཉིན་བདུན་གྱི་རིང་ལ་སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་ལ་དགའ་དགའ་སྤྲོ་སྤྲོའི་ངང་རོལ། གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ཁོ་ཚོར་སྤྲོ་སྐྱིད་དང་ལྡན་པར་མཛད་ཅིང་། ཡེས་ར་ཨེལ་གྱི་དཀོན་མཆོག་གི་མཆོད་ཁང་བཞེང་བར་རོགས་བྱེད་པའི་ཕྱིར། ཡ་ཝཱེས་ཨ་སུར་རྒྱལ་པོའི་སེམས་ཁོ་ཚོའི་ཕྱོགས་སུ་བསྒྱུར་བའོ། །