ལེའུ་ཞེ་དྲུག༌པ།
ཡ་ཀོབ་སྟེ་ཡེས་ར་ཨེལ་གྱིས་ཨེ་ཅིབ་ཡུལ་དུ་ཁྱིམ་རྒྱུད་ཁྲིད༌པ།
1 དེ་ནས་ཡེས་ར་ཨེལ་གྱིས་རྒྱུ་ནོར་ཐམས་ཅད་ཁྱེར་ཏེ་པེར་ཤ་བཱ་རུ་སོང་བ༌དང༌། རང་གི་ཕ་ཨི་སཱག་གི་དཀོན་མཆོག་ལ་མཆོད་པ་ཕུལ༌ཏོ།། 2 མཚན་མོའི་དུས༌སུ། དཀོན་མཆོག་གིས་ཞལ་གཟིགས་གནང་ནས་ཡེས་ར་ཨེལ་ལ་འདི་སྐད༌དུ། ཀྱེ། ཡ༌ཀོབ། ཡ་ཀོབ་ཅེས་བོས་པ༌དང༌། ཁོ་ན༌རེ། བདག་འདི་རུ་ཡོད་ཅེས་ལན༌བཏབ། 3 དེ་ནས་དཀོན་མཆོག་གིས་འདི་སྐད༌དུ། བདག་ནི་དཀོན་མཆོག༌སྟེ། ཁྱོད་ཀྱི་ཕ་ཡི་དཀོན་མཆོག༌ཡིན། ཁྱོད་མར་ཨེ་ཅིབ་ཡུལ་དུ་འགྲོ་བར་འཇིགས་མི་དགོས༌ཏེ། བདག་གིས་ཡུལ་དེ་ནས་ཁྱོད་རང་རྒྱལ་ཁབ་ཆེན་པོར་འགྱུར་བར་བྱེད་པའི་ཕྱིར༌རོ།། 4 བདག་ནི་ཁྱོད་དང་མཉམ་དུ་མར་ཨེ་ཅིབ་ཡུལ་དུ་འགྲོ༌ཞིང༌། ཡང་ཁྱོད་རང་ཕྱིར་ཁྲིད་ཡོང་བར༌ངེས། ཁྱོད་ཚེ་ལས་འདའ་སྐབས་ཡོ་སེབ་ཀྱིས་ཁྱོད་ཀྱི་མིག་ཟུང་བཙུམ་པར་བྱེད་ཅེས་གསུངས༌སོ།།
5 དེ་ནས་ཡ་ཀོབ་ནི་པེར་ཤ་བཱ་ནས་ལམ་ལ་ཆས༌ཤིང༌། ཡེས་ར་ཨེལ་གྱི་བུ་རྣམས་ཀྱིས་ཕ་ཡ་ཀོབ༌དང༌། ཁོ་ཚོའི་ཆུང་མ་རྣམས༌དང༌། བུ་དང་བུ་མོ་བཅས་ཐམས་ཅད་ཕཱར་ཨོལ་གྱིས་མངགས་ཡོང་བའི་ཤིང་རྟར་འདུག་ཏུ་བཅུག 6 ཡང་ཁོ་རྣམས་ཀྱིས་ཀ་ན་ཨན་ཡུལ་ནས་ཐོབ་པའི་ཕྱུགས་ཟོག་རྣམས་དེད་པ་དང་རྒྱུ་ནོར་ཐམས་ཅད་ཨེ་ཅིབ་ཡུལ་དུ་ཁྱེར་བར་མ་ཟད། ཡ་ཀོབ་དང་ཁོའི་བུ་རབས་ཚ་རྒྱུད་ཐམས་ཅད་ཀྱང་ཨེ་ཅིབ་ཡུལ་དུ་སོང་བ༌དང༌། 7 ཡ་ཀོབ་ཀྱིས་རང་གི་བུ་དང་བུ༌མོ། ཚ་བོ་དང་ཚ་མོ་བཅས་བུ་རབས་ཚ་རྒྱུད་ཐམས་ཅད་མཉམ་དུ་ཨེ་ཅིབ་ཡུལ་དུ་ཁྲིད༌དོ།།
8 དེ་ཡང་ཨེ་ཅིབ་ཡུལ་དུ་ཕྱིན་པའི་ཡ་ཀོབ་ཀྱི་བུ་རྒྱུད༌དེ། ཡེས་ར་ཨེལ་མི་རིགས་ཀྱི་མིང་ཐོ་ནི་གཤམ་གསལ༌ལྟར།
ཡ་ཀོབ་ཀྱི་བུ་སྐྱེས་འགོ་ནི་རུ་བེན་ཡིན༌ལ། 9 རུ་བེན་གྱི་བུ་རྣམས་ནི་ཧ་ནོག༌དང༌། ཕཱ༌ལུའུ། ཧེས༌རོན། ཀར་མའེ་བཅས༌བཞིའོ།། 10 སི་མུ་ཨོན་གྱི་བུ་རྣམས་ནི་ཡཱ་མུ་ཨེལ༌དང༌། ཡཱ༌མེན། ཨོ༌ཧད། ཡཱ༌ཀིན། ཚོ༌ཧར། དེ་མིན་ཀ་ན་ཨན་མི་རིགས་ཀྱི་བུད་མེད་ལས་སྐྱེས་པའི་བུ་ཤཱ་ཨུལ་བཅས་དྲུག༌གོ ། 11 ལེ་ཝིའི་བུ་རྣམས་ནི་གེར་ཤོན༌དང༌། ཀོ༌ཧད། མཱ་རཱ་རེའེ་བཅས་གསུམ༌མོ།། 12 ཡ་ཧུ་དཱའི་བུ་རྣམས་ནི་ཨེར༌དང༌། ཨོ༌ནན། ཤེ༌ལཱ། ཕེ་རེ༌ཟི། ཟེ་རག་བཅས༌ལྔའོ། །ཨེར་དང་ཨོ་ནན་གཉིས་ནི་ཀ་ན་ཨན་ཡུལ་ནས་ཚེ་ལས་འདས་པ༌དང༌། ཕེ་རེལ་ཟི་ཡི་བུ་གཉིས་ནི་ཧེས་རོན་དང་ཧ་མུལ༌ཡིན། 13 ཡེས་སི་ཀཱར་གྱི་བུ་རྣམས་ནི་ཐོ་ལཱ༌དང༌། ཕུ༌བཱ། ཡོ༌ཨུབ། ཤིམ་རོན་བཅས༌བཞིའོ།། 14 ཟེ་བུ་ལུན་གྱི་བུ་རྣམས་ནི་སེ་རཱད༌དང༌། ཨེད༌ལོན། ཡ་ལཱ་ཨལ་བཅས་གསུམ༌མོ།། 15 དེ་དག་ནི་ཕཱ་དན་ཨ་རམ་ཡུལ་ནས་བུད་མེད་ལེ་ཨ་ཡིས་ཡ་ཀོབ་ལ་བཙས་པའི་བུ་རྣམས་ཡིན༌ལ། བུ་མོ་དི་ནཱའང་བཙས༌པའོ། །བུ་རབས་ཚ་རྒྱུད་རྣམས་བསྡོམས་པས་སུམ་ཅུ་སོ་གསུམ་བྱུང༌ངོ༌།། 16 དེ་ཡང་གཱ་རྡུ་ཡི་བུ་རྣམས་ནི་ཚིབ་ཡོན༌དང༌། ཧ༌གིད། ཤུ༌ནེ། ཨེས༌པོན། ཨེ༌རི། ཨ་ཪོ༌དི། ཨར་ཨེ་ལི་བཅས་བདུན༌ནོ།། 17 ཨ་ཤེར་གྱི་བུ་རྣམས་ནི་ཡིམ་ནཱ༌དང༌། ཡེས༌བཱ། ཡེས༌བི། པེ་རེ་ཡཱ་དང༌། བུ་མོ་སེ་རཱ་བཅས་བུ་དང་བུ་མོ༌ལྔའོ། །པེ་རེ་ཡཱ་ཡི་བུ་ནི་ཧེ་བེར་དང་མཱལ་ཀི་ཨེལ་གཉིས༌སོ།། 18 དེ་དག་ནི་ལཱ་པན་གྱིས་རང་གི་བུ་མོ་ལེ་ཨ་ལ་གནང་བའི་གཡོག་མོ་ཟིལ་པཱ་ཡིས་ཡ་ཀོབ་ལ་བཙས་པའི་བུ་རབས་ཚ་རྒྱུད་རྣམས་ཡིན༌ལ། བསྡོམས་པས་བཅུ་དྲུག་ཡོད༌དོ།། 19 དེ་ཡང་ཡ་ཀོབ་ཀྱི་ཆུང་མ་རཱ་ཧེལ་གྱི་བུ་ནི་ཡོ་སེབ་དང་པེན་ཡཱ་མེན་གཉིས༌སོ།། 20 ཡོ་སེབ་ཀྱི་ཆུང་མ་ཨ་སི་ནཱ་ཐི་ཡིས་ཨེ་ཅིབ་ཡུལ་ནས་མཱ་ན་ཤེ་དང་ཨེ་ཕཱར་ཡིམ་ཞེས་བྱ་བའི་བུ་གཉིས་བཙས༌ཤིང༌། ཁོ་མོ་ནི་ཨོ་ནཱ་ཡུལ་གྱི་མཆོད་དཔོན་ཕའོ་ཏི་ཕེ་རཱ་ཡི་བུ་མོ་ཡིན༌ནོ།། 21 པེན་ཡཱ་མེན་གྱི་བུ་རྣམས་ནི་པེ་ལཱ༌དང༌། པེ༌ཀེར། ཨ་ཤ༌བེལ། གེ༌རཱ། ནཱ་ཨ༌མཱན། ཨེ༌ཧི། རའོ༌ཤ། མུ༌ཕིམ། ཧུ༌ཕིམ། ཨར་དཱ་བཅས༌བཅུའོ།། 22 དེ་དག་ནི་ཡ་ཀོབ་ལ་ཆུང་མ་རཱ་ཧེལ་ནས་མཆེད་པའི་བུ་རབས་ཚ་རྒྱུད་རྣམས་ཡིན༌ལ། བསྡོམས་པས་བཅུ་བཞི་ཡོད༌དོ།། 23 དཱན་གྱི་བུ་ནི་ཧུ་ཤིམ་ཡིན༌ནོ།། 24 ནཱབ་ཐ་ལི་ཡི་བུ་རྣམས་ནི་ཡཱ་སི་ཨེལ༌དང༌། གུ༌ནེ། ཡེ༌ཚིར། ཤིལ་ལེམ་བཅས༌བཞིའོ།། 25 དེ་དག་ནི་ལཱ་པན་གྱིས་རང་གི་བུ་མོ་རཱ་ཧེལ་ལ་གནང་བའི་གཡོག་མོ་པིལ་ཧ་ཡིས་ཡ་ཀོབ་ལ་བཙས་པའི་བུ་རབས་ཚ་རྒྱུད་རྣམས་ཡིན༌ལ། བསྡོམས་པས་བདུན་ཡོད༌དོ།། 26 དེ་ཡང་ཡ་ཀོབ་དང་ལྷན་དུ་ཨེ་ཅིབ་ཡུལ་དུ་སོང་བའི་མནའ་མ་ལས༌གཞན། ད་དུང་རང་ལས་མཆེད་པའི་བུ་རབས་ཚ་རྒྱུད་རྣམས་བསྡོམས་པས་དྲུག་ཅུ་རེ་དྲུག་ཡོད༌ལ། 27 ཡོ་སེབ་ལ་ཨེ་ཅིབ་ཡུལ་ནས་ཀྱང་བུ་གཉིས་སྐྱེས༌ཤིང༌། ཨེ་ཅིབ་ཡུལ་དུ་སྤར་བའི་ཡ་ཀོབ་ཀྱི་ཁྱིམ་རྒྱུད་ལ་བསྡོམས་པས་མི་གྲངས་བདུན་ཅུ་ཡོད༌དོ།།
28 དེ་ཡང་ཡ་ཀོབ་ཀྱིས་བུ་ཡ་ཧུ་དཱ་ཞེས་པ་ཡོ་སེབ་ཀྱི་དྲུང་དུ་གོ་ཤེན་ཡུལ་ལ་འགྲོ་བར་ལམ་ཁྲིད་པར་མངགས་ཤིང་ཁོ་རྣམས་གོ་ཤེན་ཡུལ་དུ་སོང༌ངོ༌།། 29 ཡོ་སེབ་ཤིང་རྟར་བསྡད་ནས་ཕ་ཡེས་ར་ཨེལ་ལ་དགའ་བསུ་བྱེད་པར་གོ་ཤེན་ཡུལ་དུ་སོང་བ༌དང༌། ཕ་དང་ངོ་ཕྲད་ཅིང་ཕ་ཡི་སྐེ་ལ་འཐམས་ནས་ཡུན་རིང་ངུས༌སོ།། 30 ཡེས་ར་ཨེལ་གྱིས་ཡོ་སེབ་ལ་འདི༌ལྟར། བདག་གིས་ཁྱོད་མིག་གིས་མཐོང༌ཞིང༌། ད་དུང་གསོན་པོར་གནས་པ་ཤེས་པས་ང་རང་འཆི་ཡང་འགྱོད་པ་མེད་ཅེས་སྨྲས༌སོ།། 31 ཡོ་སེབ་ཀྱིས་རང་གི་སྤུན་རྣམས་དང་ཕ་ཡི་ཁྱིམ་གང་པོར་འདི༌ལྟར། བདག་ཕཱར་ཨོལ་གྱི་དྲུང་དུ་སོང་ནས་འདི་ལྟར་སྨྲ་བར་བྱ༌སྟེ། བདག་གི་སྤུན་རྣམས་དང་ཕ་ཡི་ཁྱིམ་གང་པོ་སྔོན་ཆད་ཀ་ན་ཨན་ཡུལ་དུ་མཆིས་ཤིང་ད་ལྟ་བདག་གི་གམ་དུ་ཡོང་བ༌དང༌། 32 ཁོ་རྣམས་ཕྱུགས་རྫི་ཡིན་པས་ཕྱུགས་ཟོག་ལ་བརྟེན༌ཞིང་། ཁོ་རྣམས་ཀྱིས་ར་ལུག་གི་ཁྱུ་དང་བ་ཁྱུ་བཅས་རྒྱུ་ནོར་ཐམས་ཅད་ཁྱེར་ནས་སླེབས་ཡོད་ཅེས་སྨྲ་བར༌བྱའོ།། 33 ཕཱར་ཨོལ་གྱིས་ཁྱོད་རྣམས་ལ་བཀའ་གསུང་བའི་སྐབས༌སུ། ཁྱོད་རྣམས་ཀྱིས་ལས་ཅི་ཞིག་གཉེར་བ་ཡིན་ཞེས་དྲིས༌ན། 34 ཁྱོད་རྣམས་ཀྱིས་འདི༌ལྟར། རྒྱལ་པོ་ཁྱེད་ཀྱི་ཞབས་ཕྱི་པ་ངེད་རྣམས་ཀྱིས་ལོ་ན་གཞོན་པའི་དུས་ནས་ད་ལྟའི་བར་དུ་ཕྱུགས་ལས་གཉེར་བ་ཡིན༌ལ། ཐ་ན་ངེད་ཅག་གི་མེས་པོ་རྣམས་ཀྱིས་ཀྱང་ལས་དོན་འདི་ཉིད་གཉེར་བ་ཡིན་ཞེས་ཤོད༌ཅིག དེ་ནས་ཁྱོད་རྣམས་གོ་ཤེན་ཡུལ་དུ་འདུག་རུང༌ངོ༌། །ཅིའི་ཕྱིར་ཞེ༌ན། ཨེ་ཅིབ་ཀྱི་མི་རྣམས་ཀྱིས་ར་ལུག་འཚོ་མཁན་ནི་མི་ལེགས་སྙམ་པའི་ཕྱིར་ཡིན་ཞེས་སྨྲས༌སོ།།