ལེའུ་བཅུ་གཉིས་པ།
ཨེ་ཕཱར་ཡིམ་ལ་དྲན་སྐུལ་བྱས་པ།
1 ཨེ་ཕཱར་ཡིམ་ནི་རླུང་ལ་བརྟེན་ནས་འཚོ་ཞིང་། ཉིན་གང་པོར་ཤར་རླུང་གི་རྗེས་སུ་བརྒྱུགས་ནས་རྫུན་དང་གདུག་རྩུབ་མང་དུ་སྤེལ་བ་དང་། ཨ་སུར་དང་ཆད་དོན་བཞག་ནས་ཨེ་ཅིབ་ཡུལ་དུ་སྣུམ་སྐྱེལ་བའོ། ། 2 དཀོན་མཆོག་ཡ་ཝཱེས་ཡ་ཧུ་དཱ་ལ་སྐྱོན་འཛུགས་ཤིང་། ཡ་ཀོབ་ལ་ཁོ་འགྲུལ་བའི་ལམ་རྣམས་བཞིན་དུ་ཉེས་ཆད་གཅོད་པ་དང་། ཁོའི་སྤྱོད་པ་བཞིན་དུ་ལན་འཇལ་ལོ། ། 3 ཁོ་ནི་མངལ་གྱི་ནང་དུ་རང་གི་སྤུན་གྱི་ཕྱི་རྟིང་ལ་འཇུས་པ་དང་། དར་ལ་བབས་དུས་དཀོན་མཆོག་དང་ཤུགས་འགྲན་ནོ། ། 4 ཁོ་ནི་ཕོ་ཉ་དང་འགྲན་ནས་རྒྱལ་བ་དང་། ངུ་འབོད་དང་བཅས་ཁོང་ལ་ཞུ་བ་ཕུལ་ནས་པེད་ཨེལ་དུ་ཀུན་དབང་དཀོན་མཆོག་དང་མཇལ་ཞིང་། དེར་ཡ་ཝཱེས་ཁོ་རྣམས་ལ་བཀའ་བསྒོས་པ་རེད། 5 དཀོན་མཆོག་ཡ་ཝཱེ་ནི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་དང་། ཁོང་ལ་དྲན་གསོ་བྱེད་པའི་མཚན་ཡིན་ནོ། ། 6 དེ་བས་ཁྱོད་ཀྱིས་རང་གི་དཀོན་མཆོག་གི་ཕྱོགས་སུ་འཁོར་ནས་སྙིང་རྗེ་དང་དྲང་གཞག་བསྲུངས་ཏེ། རང་གི་དཀོན་མཆོག་ལ་རྒྱུན་དུ་སྒུག་པར་གྱིས་ཤིག 7 ཀ་ན་ཨན་པའི་* འདིར་ཀ་ན་ཨན་པ་ཞེས་པ་ནི་ཀ་ན་ཨན་ཡུལ་གྱི་མཚོ་འགྲམ་དུ་གནས་པའི་ཚོང་པ་རྣམས་ལ་གོ་བ་ཡིན།ལག་ཏུ་མི་ལ་མགོ་སྐོར་གཏོང་བའི་རྒྱ་སྲང་ཡོད་ཅིང་གཞན་ལ་གཉའ་གནོན་བྱེད་པར་དགའོ། ། 8 ཨེ་ཕཱར་ཡིམ་གྱིས་འདི་ལྟར། ད་ནི་ང་རང་ཕྱུག་པོར་གྱུར་ནས་རྒྱུ་ནོར་མང་པོ་རྙེད་ཡོད། ངས་དཀའ་ལས་བརྒྱབ་ནས་ཐོབ་པ་ཐམས་ཅད་ཀྱི་ནང་དུ་ང་ལས་ཉེས་སྐྱོན་དང་སྡིག་པ་ནི་སུས་ཀྱང་རྙེད་པར་མི་འགྱུར་ཞེས་ཟེར། 9 ཁྱོད་རང་ཨེ་ཅིབ་ཡུལ་ནས་ཐོན་པ་ནས་བཟུང་ང་ནི་ཁྱོད་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་ལ། དུས་ཆེན་གྱི་ཉིན་མོ་རྣམས་དང་མཚུངས་པར་ངས་ཁྱོད་རང་ཡང་བསྐྱར་གུར་གྱི་ནང་དུ་གནས་པར་བྱའོ། ། 10 ངས་ལུང་སྟོན་པ་རྣམས་ལ་གཏམ་སྨྲས་ཏེ་ཞལ་གཟིགས་མང་པོ་བསྟན་པ་དང་། ལུང་སྟོན་པ་རྣམས་བརྒྱུད་ནས་དཔེ་ཡང་མང་པོ་བསྟན་ཏོ། ། 11 གིལ་ཨད་ལ་སྡིག་ཉེས་མེད་དམ། དེ་དག་ནི་དངོས་གནས་ཕན་ཐོགས་མེད་པ་ཡིན། དེ་དག་གིས་གིལ་གལ་དུ་གླང་ཐུག་རྣམས་མཆོད་པར་འབུལ་ཞིང་། ཁོ་ཚོའི་མཆོད་ཁྲི་ནི་ཞིང་གི་རོལ་བར་གྱི་རྡོ་སྤུང་དང་འདྲའོ། ། 12 སྔར་ཡ་ཀོབ་ནི་ཨ་རམ་ཡུལ་དུ་བྲོས་ནས། ཡེས་ར་ཨེལ་གྱིས་ཆུང་མ་ལེན་ཕྱིར་གཡོག་བྱས་པ་དང་། ཆུང་མ་ལེན་པའི་ཆེད་དུ་ལུག་འཚོས་ཤིང་། 13 རྗེས་སུ་དཀོན་མཆོག་ཡ་ཝཱེས་ལུང་སྟོན་པ་ཞིག་བརྒྱུད་དེ་ཡེས་ར་ཨེལ་ནི་ཨེ་ཅིབ་ཡུལ་ནས་ཡར་དྲངས་པ་དང་། ཡང་ལུང་སྟོན་པ་ཞིག་བརྒྱུད་ནས་ཁོ་རྣམས་ལ་གཟིགས་སྐྱོང་མཛད། 14 ཡིན་ནའང་ཨེ་ཕཱར་ཡིམ་གྱིས་དཀོན་མཆོག་གི་དགོངས་པ་དྲག་ཏུ་དཀྲུགས་པས་ན། ཁོས་མི་ལ་ཁྲག་བཞུར་དུ་བཅུག་པའི་སྡིག་པ་ནི་ཁོ་རང་གི་སྟེང་ལ་འབབ་ཏུ་བཅུག་ནས། གཙོ་བོས་ཁོའི་ངོ་ཚ་ཁོ་རང་གི་སྟེང་ལ་འབེབ་པར་འགྱུར་རོ། །
*ལེའུ་བཅུ་གཉིས་པ།:7 འདིར་ཀ་ན་ཨན་པ་ཞེས་པ་ནི་ཀ་ན་ཨན་ཡུལ་གྱི་མཚོ་འགྲམ་དུ་གནས་པའི་ཚོང་པ་རྣམས་ལ་གོ་བ་ཡིན།