ལེའུ་གསུམ་པ།
ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་ལ་ཆད་པ་གཅོད་པ།
ལྟོས་དང་། དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་མྱུར་བ་མྱུར་དུ་ཡེ་རུ་སཱ་ལེམ་དང་ཡ་ཧུ་དཱ་གཉིས་ལས། མི་རྣམས་ཀྱི་རྒྱབ་རྟེན་དང་རོགས་སྐྱོར་ཏེ་མི་རྣམས་བརྟེན་པའི་འབྲུ་རིགས་དང་ཆུ་གཉིས་ཀ་མེད་པར་མཛད་ཅིང་། དཔའ་རྒོད་དང་དྲག་རྩལ་ཅན། ཁྲིམས་དཔོན་དང་ལུང་སྟོན་པ། མོ་པ་དང་རྒན་པོ། ལྔ་བཅུ་དཔོན་དང་ཐོབ་གོ་ས་ཅན། སློབ་སྟོན་པ་དང་ལག་ཤེས་པ། སྒྱུ་མ་མཁན་བཅས་མེད་པར་གཏོང་ངེས། བདག་གིས་དེ་དག་གི་རྗེ་བོ་ལ་བྱིས་པ་རྣམས་འཇོག་ཅིང་། ཕྲུ་གུ་ཚོས་དེ་དག་དབང་དུ་བསྒྱུར་བར་བྱེད། དེ་ནས་མི་རྣམས་ཀྱིས་ཁྱིམ་མཚེས་བར་དུའང་གཅིག་གིས་གཅིག་ལ་གཉའ་གནོན་བྱ་ཞིང་། ན་གཞོན་ཚོས་རྒན་པ་རྣམས་ལ་བརྙས་ཤིང་། ཐ་མལ་བ་རྣམས་ཀྱིས་ཆེ་མཐོང་ཅན་ལ་ཁེངས་དྲེགས་བསྐྱེད། མི་ཞིག་གིས་ཕ་གཞིས་སུ་རང་གི་སྤུན་མཆེད་ནང་གི་གཅིག་ལ་འཇུས་ནས། ཁྱེད་ལ་ཕྱི་གོས་ཡོད་པས་ང་ཚོའི་འགོ་དཔོན་དུ་འདུག་རོགས། ཞིག་རལ་འདི་དག་ཁྱེད་ལ་དབང་བ་ཡིན་ཞེས་སྨྲ་ཞིང་། དེའི་ཚེ་མི་དེས་སྐད་ཆེན་པོས་འདི་ལྟར། ངའི་ཁྱིམ་དུ་འབྲུ་རིགས་མེད་ལ་ཕྱི་གོས་ཀྱང་མེད་པས་ང་ནི་ཁྱོད་ཅག་གསོ་མཁན་དུ་མི་འགྱུར། ཁྱོད་ཅག་གིས་ང་མི་རྣམས་ཀྱི་འགོ་དཔོན་དུ་བསྐོ་མི་རུང་ཞེས་སྨྲ་བར་ངེས། དེ་དག་གི་སྨྲ་བརྗོད་དང་བྱ་སྤྱོད་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་དགྲ་རུ་ལངས་ཤིང་། ཁོང་གི་གཟི་བརྗིད་ཀྱི་དཔལ་འབར་བའི་སྤྱན་ལམ་ནས་ཁོང་ལ་རྒོལ་བ་ཡིན་པས། ཡེ་རུ་སཱ་ལེམ་རྒུད་ཅིང་། ཡ་ཧུ་དཱ་ནི་འགྱེལ་ལོ། ། དེ་དག་གི་གདོང་མདོག་གིས་རང་ཉིད་ཀྱི་སྐྱོན་གསལ་པོར་སྟོན་ཞིང་། སཱ་དོམ་ལྟར་རང་གི་སྡིག་པ་ཕྱི་ལ་མངོན་པ་ལས་སྦ་བར་མི་བྱ། དེ་ཚོས་རང་ལ་ཆག་སྒོ་སློང་བས་ཆག་སྒོ་འབྱུང་། 10 དྲང་པོ་རྣམས་ཀྱིས་རང་རང་གི་བྱ་སྤྱོད་ལས་སྨིན་པའི་འབྲས་བུ་ལོངས་སུ་སྤྱོད་ངེས་ཡིན་པས། ཁྱོད་ཅག་གིས་དེ་རྣམས་ལ་བདེ་བར་འགྱུར་ཡོང་ཞེས་ཤོད་ཅིག 11 ཀྱེ་ཧུ་མི་ངན་ལ་ཆག་སྒོ་འབྱུང་། ཅི་ལ་ཞེ་ན། དེ་དག་ལ་རང་གི་ལག་པས་ཅི་བྱས་བཞིན་ལན་འཇལ་དགོས་པ་ཡིན། 12 བདག་གི་འབངས་མི་ལ་མཚོན་ན། བྱིས་པ་རྣམས་ཀྱིས་ཁོ་རྣམས་ལ་གཉའ་གནོན་བྱ་ཞིང་སྐྱེས་མ་ཚོས་དབང་དུ་བསྒྱུར་བ་ཡིན། ཀྱེ་བདག་གི་འབངས་མི། ཁྱོད་རྣམས་ཀྱི་སྣེ་ཁྲིད་པས་ཁྱོད་ཅག་ལོག་ལམ་དུ་ཁྲིད་ཅིང་ཁ་ཕྱོགས་ནོར་དུ་བཅུག་གོ །
དཀོན་མཆོག་གིས་ལེགས་ཉེས་འབྱེད་པ།
13 དཀོན་མཆོག་ཡ་ཝཱེ་ཡར་བཞེངས་ནས་རྩོད་ཅིང་། མི་རྣམས་ལ་ཁྲིམས་གཅོད་པར་བཞེང་བའོ། ། 14 དཀོན་མཆོག་ཡ་ཝཱེས་ཁོང་གི་འབངས་མིའི་རྒན་པོ་དང་འགོ་དཔོན་རྣམས་ལ་འདི་སྐད་དུ། ཁྱོད་ཅག་གིས་རྒུན་ཚལ་ཁྱུར་མིད་བཏང་ཞིང་། དབུལ་པོ་དག་ནས་ཕྲོགས་པའི་རྒྱུ་ནོར་རྣམས་ཁྱོད་ཅག་གི་ཁྱིམ་དུ་ཡོད་ཅེས་འདྲི་གཅོད་མཛད་ཅིང་། 15 དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཀྱིས་བདག་གི་འབངས་མི་ལ་གཉའ་གནོན་བྱེད་དོན་ཅི་ཡིན། དབུལ་པོ་རྣམས་ཀྱི་ངོ་བརྡར་དོན་ཅི་ཡིན་ཞེས་གསུངས་སོ། །
16 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཛ་ཡན་གྱི་བུད་མེད་རྣམས་ཁེངས་དྲེགས་ཆེ་ཞིང་མཇིང་པ་དགྱེ་དགྱེ་བྱས་ནས་འགྲོ་བ་དང་། བཅོས་མའི་མཛའ་བརྩེ་སྟོན་བཞིན་སྒེག་ཉམས་བཏོད་ནས་འགྲོ་བ་དང་རྐང་གདུབ་སིལ་སིལ་སྒྲོག 17 དེ་བས་དཀོན་མཆོག་ཡ་ཝཱེས་ཛ་ཡན་གྱི་བུད་མེད་རྣམས་ཀྱི་སྤྱི་གཙུག་ལ་རྔོ་འབུད་པར་མཛད་ཅིང་། དཀོན་མཆོག་ཡ་ཝཱེས་དེ་དག་གི་ཁོག་སྨད་རྗེན་པར་འདོན་ངེས། 18 ཉིན་དེ་ལ་གཙོ་བོ་ཡ་ཝཱེས་དེ་དག་གི་ཡིད་དུ་འོང་བའི་རྐང་གདུབ་དང་དབུ་རྒྱན། ཟླ་གམ་གྱི་མགུལ་རྒྱན། 19 རྣ་ལོང་། ལག་གདུབ། གདོང་ཁེབས། 20 གཙུག་ཏོར། རྐང་རྒྱན། སྐ་རགས། དྲི་ཞིམ་གྱི་བུམ་པ། སྲུང་འཁོར། 21 མཛུབ་དཀྲིས། སྣ་ལོང་། 22 ཤོམ་ལྭ། སྟོད་དཀྲིས། བེར་གྱོན། ལག་ཁུག 23 མེ་ལོང་། སོ་རས་སྲབ་བུའི་ནང་གོས། མགོ་དཀྲིས། ཕྲག་ཁེབས་བཅས་མེད་པར་གཏོང་ངོ་། །
24 དེ་ནས་དྲི་ཞིམ་གྱི་ཚབ་ལ་རུལ་དྲི་དང་སྐ་རགས་ཀྱི་ཚབ་ལ་ཐག་པ། སྐྲ་ལོའི་ཚབ་ལ་སྤྱི་ཐེར་དང་ཤོམ་ལྭའི་ཚབ་ལ་རྩིད་རས་ཀྱི་གྱོན་པ། བཞིན་རས་མཛེས་པའི་ཚབ་ལ་མེ་ཐེལ་བཅས་བྱས་ནས། 25 ཁྱོད་ཀྱི་སྐྱེས་པ་རྣམས་རལ་གྲིའི་ཁ་ནས་འགྱེལ་ཞིང་། ཁྱོད་ཀྱི་དཔའ་རྒོད་རྣམས་གཡུལ་ངོར་འཆི་བར་འགྱུར། 26 ཛ་ཡན་གྱི་མཁར་སྒོས་སྐྱོ་གདུང་ངང་ངུ་འབོད་བྱེད་ཅིང་། གཞན་གྱིས་འཕྲོག་བཅོམ་བྱས་ཏེ་ས་སྟོང་དུ་ལུས་ནས་སར་སྡོད་པར་འགྱུར་རོ། །