ལེའུ་སོ་བཞི་པ།
མི་རིགས་ཀུན་ལ་ཉེས་ཆད་གཅོད་པ།
ཀྱེ་མི་རིགས་ཀུན་ཉེ་བར་ཐུད་ལ་ཉོན་ཅིག ཀྱེ་མི་ཀུན་གྱིས་གཟབ་གཟབ་བྱས་ནས་ཉོན་ཅིག ས་གཞི་དང་དེ་ལ་ཁྱབ་པ་ཀུན་དང་། འཇིག་རྟེན་ཁམས་དང་དེ་ལས་བྱུང་བ་ཐམས་ཅད་ཀྱིས་ཉོན་ཅིག གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེ་ནི་མི་རིགས་ཀུན་ལ་ཐུགས་ཁྲོས་ཤིང་། དམག་དཔུང་ཡོངས་ཀྱི་སྟེང་རབ་ཏུ་ཁྲོས་པས། ཁོང་གིས་དེ་རྣམས་རྩ་མེད་དུ་གཏོང་ཞིང་། དེ་རྣམས་ཕྱིར་གཏད་དེ་དམར་གསོད་ཐེབས་པར་འགྱུར། ཡང་བསད་པ་རྣམས་ཕྱིར་འདོར་ཞིང་། རོ་ལས་དྲི་ངན་འཐུལ་ནས་རི་བོ་རྣམས་ཁོ་ཚོའི་ཁྲག་གིས་སྦང་བར་འགྱུར། ནམ་མཁའི་ཚོགས་ཐམས་ཅད་* འདིར་ནམ་མཁའི་ཚོགས་ཐམས་ཅད་ཅེས་པ་ནི་ནམ་མཁའི་སེམས་ཉིད་ཀྱི་རིགས་ལའང་གོ་བ་ཡིན།ཟད་ཅིང་། ནམ་མཁའ་ཡང་ཤོག་དྲིལ་བཞིན་དུ་བསྒྲིལ་བ་དང་། རྒུན་འབྲུམ་ཤིང་ལས་ལོ་མ་འཐོར་བའམ། སེ་ཡབ་ཤིང་གི་ལོ་མ་རྙིད་པ་བཞིན་སྐར་ཚོགས་ཐམས་ཅད་སར་ལྷུང་བར་འགྱུར་རོ། །
གང་ལ་ཞེ་ན། མཁའ་དབྱིངས་ནས་བདག་གི་རལ་གྲི་ངོམས་པར་གྱུར་ཏོ། །ལྟོས་དང་། ཉེས་ཆད་གཅོད་ཕྱིར་དེ་ནི་ཨེ་དོམ་དང་། བདག་གིས་མེད་པར་བཟོ་བར་རྩོམ་པའི་མི་རྣམས་ཀྱི་སྟེང་དུ་འབབ་པར་འགྱུར། དཀོན་མཆོག་ཡ་ཝཱེའི་རལ་གྲི་ཁྲག་གིས་བརྫིས་ཤིང་། གྲི་དེ་ལ་ཚིལ་དང་། ལུ་གུ་དང་ར་ཐུག་གི་ཁྲག ལུག་ཐུག་གི་མཁལ་ཚིལ་བཅས་ཀྱི་དབང་གིས་སྣུམ་ཆགས་ཏེ། གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེར་པོ་ཚ་རཱ་ནས་ཕྱུགས་ཟོག་བསད་དེ་དམར་མཆོད་བྱེད་པའི་དོན་ཡོད་པ་དང་། ཨེ་དོམ་ཡུལ་ནས་དམར་གསོད་ཆེན་པོ་ཞིག་ཡོད་པ་ཡིན། གླང་རྒོད་དང་བ་ཕྲུག གླང་གོག་བཅས་ནི་དེ་དག་དང་ལྷན་དུ་འགྱེལ་ནས་དེའི་ཡུལ་ཁམས་ཁྲག་གིས་ངོམ་ཞིང་། དེའི་ས་རྡུལ་ཡང་ཚིལ་གྱིས་སྦང་བར་འགྱུར། གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ལན་འཇལ་བའི་ཉིན་མོ་ཞིག་དང་། ཛ་ཡན་གྱི་གྱོད་དོན་ལ་ཉེས་ཆད་གཅོད་པའི་ལོ་ཞིག་ཡོད་པས་སོ། ། དེ་ནས་ཨེ་དོམ་གྱི་ཆུ་བོ་རྣམས་རྡོ་སྣུམ་དུ་འགྱུར་ཞིང་། དེའི་ས་རྡུལ་དག་མུ་ཟི་རུ་འགྱུར་ངེས་ལ། དེའི་ས་གཞི་ནི་མེ་འབར་བའི་སྣུམ་སྙིགས་སུ་འགྱུར་བ་སྟེ། 10 མེ་དེ་ཉིན་མཚན་གཉིས་ལ་ཞི་བ་མེད་པ་དང་། དེའི་དུ་བ་ནམ་ཡང་འཕྱུར་ཏེ། མི་རབས་ནས་མི་རབས་སུ་ལུང་སྟོང་དུ་གྱུར་ནས། དུས་གཏན་དུ་དེར་བརྒྱུད་ནས་འགྲོ་མཁན་གཅིག་ཀྱང་མེད་དོ། ། 11 འོན་ཀྱང་ཆུ་བྱ་དང་ཕག་པ་བྱི་ཐུར་གྱིས་ས་དེ་བཟུང་བ་དང་། འུག་རྒན་དང་ཕོ་རོག་གིས་དེ་རུ་ཚང་བཟོ་ཞིང་། དཀོན་མཆོག་ཡ་ཝཱེས་དེའི་སྟེང་དུ་ཐིག་སྐུད་དང་དཔྱང་ཐག་སྟོངས་ཤིང་གོ་རིམ་མེད་པ་འཐེན་པར་འགྱུར། 12 དེ་དག་གི་སྐུ་དྲག་གཅིག་ཀྱང་མི་ལུས་པས་དེ་ལ་རྒྱལ་ཁབ་ཅེས་འབོད་པར་མི་འགྱུར་ཞིང་། དེའི་འགོ་དཔོན་རྣམས་ཀྱང་མེད་པར་འགྱུར་རོ། །
13 ཨེ་དོམ་གྱི་ཕོ་བྲང་ནང་དུ་ཚེར་མ་སྐྱེ་ཞིང་། དེའི་ལྕགས་རི་སྟེང་དུ་སྤྱང་ཚེར་དང་ཚེར་སྐྱ་སྐྱེས་ཏེ། ཁྱི་སྤྱང་གི་ཚང་དང་རྔ་བྱའི་སྡོད་གནས་སུ་འགྱུར་ངེས། 14 དབེན་སྟོང་གི་རི་དྭགས་རྣམས་ཁྱི་སྤྱང་ལ་འཕྲད་པ་དང་། ར་རྒོད་ཀྱིས་རང་གི་རིགས་འབོད་ཅིང་། མཚན་མོའི་སྲིན་བྱ་རྣམས་ཀྱང་དེར་བསྡད་དེ་རང་གི་གནས་འཚོལ་བར་འགྱུར། 15 འུག་པས་གནས་དེར་ཚང་བཟོ་བ་དང་སྒོ་ང་བཏང་ནས་རུམ་སྟེ་བྱ་ཕྲུག་རང་གི་གྲིབ་མའི་འོག་ཏུ་བསྡུ་བར་བྱ། འོལ་པ་རྣམས་ཀྱང་རང་རང་གི་སྐྱ་ཡ་དང་མཉམ་དུ་དེར་འདུ་བའོ། ། 16 ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་གླེགས་བམ་ལ་ཞིབ་དཔྱད་བཏང་ནས་ཀློགས་ཤིག དེ་དག་ལས་གཅིག་ཀྱང་ཆད་པར་མི་འགྱུར་ལ། དེ་རྣམས་ལས་ཆ་མིན་པ་གཅིག་ཀྱང་མེད། གང་ལ་ཞེ་ན། ཁོང་གི་ཞལ་ནས་བཀའ་གནང་ཞིང་ཁོང་གི་ཐུགས་ཉིད་ཀྱིས་དེ་དག་ལྷན་དུ་བསྡུས་པས་སོ། ། 17 ཁོང་གིས་དེ་དག་གི་ཕྱིར་དུ་རྒྱན་འཕངས་ཏེ། ཁོང་གི་ཕྱག་གིས་ཐིག་སྐུད་འཐེན་ནས་དེ་དག་ལ་ས་བགོས་པས། དེ་ཚོར་དུས་གཏན་དུ་ཡུལ་དེ་ས་སྐལ་དུ་འཐོབ་ཅིང་། མི་རབས་ནས་མི་རབས་སུ་ཡུལ་དེར་གནས་པར་བྱའོ། །

*ལེའུ་སོ་བཞི་པ།:4 འདིར་ནམ་མཁའི་ཚོགས་ཐམས་ཅད་ཅེས་པ་ནི་ནམ་མཁའི་སེམས་ཉིད་ཀྱི་རིགས་ལའང་གོ་བ་ཡིན།