ལེའུ་སོ་བརྒྱད་པ།
ཧི་ཟི་ཀི་ཡཱ་ནད་ལས་ཐར་བ།
1 དུས་དེར་ཧི་ཟི་ཀི་ཡཱ་ལ་ནད་ལྗིད་མོ་ཞིག་ཕོག་སྟེ་འཆི་ལ་ཉེ་བ་དང་། ཨ་མོ་ཟིའི་བུ་ལུང་སྟོན་པ་ཡེ་ཤ་ཡཱ་ཁོའི་དྲུང་དུ་འོངས་ཏེ་ན་རེ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་གསོན་མི་ཐུབ་པར་འཆི་བར་འགྱུར་བས། ཁྱོད་ཀྱིས་རང་གི་ཁྱིམ་ལ་བཀོད་སྒྲིག་ལེགས་པོ་གྱིས་ཤིག་གསུངས་ཞེས་སྨྲས་པ་ན། 2 ཧི་ཟི་ཀི་ཡཱས་ངོ་གདོང་རྩིག་པའི་ཕྱོགས་སུ་འཁོར་ཏེ་དཀོན་མཆོག་ཡ་ཝཱེ་ལ་སྨོན་ལམ་བཏབ་ནས་ན་རེ། 3 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ང་རང་ཁྱེད་ཀྱི་སྤྱན་སྔར་བློ་དཀར་བ་དང་བསམ་པ་ལྷད་མེད་ཀྱིས་འགྲུལ་ཞིང་། ཁྱེད་ཀྱི་སྤྱན་སྔར་གང་ལེགས་པ་དེ་བསྒྲུབས་པ་ཁྱེད་ཀྱིས་ཐུགས་སུ་དྲན་པར་མཛོད་ཅེས་ཞུས་ཏེ་དྲག་ཏུ་ངུས་སོ། །
4 དེ་ནས་དཀོན་མཆོག་ཡ་ཝཱེས་ཡེ་ཤ་ཡཱ་ལ་བཀའ་གནང་ནས་འདི་སྐད་དུ། 5 ཁྱོད་སོང་ནས་ཧི་ཟི་ཀི་ཡཱ་ལ། ཁྱོད་ཀྱི་མེས་པོ་དཱ་བིད་ཀྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གིས་ཁྱོད་ཀྱི་གསོལ་འདེབས་ཐོས་ཤིང་། ཁྱོད་ཀྱི་མིག་ཆུ་ཡང་མཐོང་བ་ཡིན། ལྟོས་དང་། བདག་གིས་ཁྱོད་ཀྱི་ཚེ་ཚད་ལ་ལོ་བཅོ་ལྔ་སྣོན་པར་བྱ། 6 ཡང་བདག་གིས་ཁྱོད་དང་གྲོང་ཁྱེར་འདི་ཨ་སུར་རྒྱལ་པོའི་ལག་ནས་བསྐྱབས་ཏེ། གྲོང་ཁྱེར་འདི་བསྲུང་བར་བྱ་གསུངས་ཞེས་སྨྲོས་ཤིག 7 འདི་ནི་དཀོན་མཆོག་ཡ་ཝཱེས་ཅི་གསུངས་པ་དེ་འགྲུབ་པར་མཛད་ངེས་པའི་བདེན་དཔང་དུ་ཁྱོད་ལ་གནང་བའི་རྟགས་ཡིན། 8 ལྟོས་དང་། ཨ་ཧ་ཟཱ་ཡི་དུས་ཀྱི་གོམ་འགྲོས་སྟེང་གི་ཉི་མའི་གྲིབ་གཟུགས་མདུན་དུ་སྐྱོད་པ་དེ་བདག་གིས་གོམ་པ་བཅུ་ཕྱིར་འཐེན་པར་འགྱུར་ཞེས་གསུངས་པས། ཉི་མའི་གྲིབ་གཟུགས་མདུན་དུ་སྐྱོད་པ་དེ་དུས་ཀྱི་གོམ་འགྲོས་སྟེང་གོམ་པ་བཅུ་ཕྱིར་བསྣུར་བ་རེད།
ཧི་ཟི་ཀི་ཡཱའི་གཏང་རག་འབུལ་བའི་མགུར་མ།
9 ཡ་ཧུ་དཱའི་རྒྱལ་པོ་ཧི་ཟི་ཀི་ཡཱ་ནད་ལས་ཐར་རྗེས། ཁོས་མགུར་མ་འདི་བརྩམས་པ་སྟེ། 10 ང་རང་དར་མ་ཡིན་པའི་དུས་སྐབས་སུ། །གཤིན་པོའི་ཡུལ་གྱི་སྒོ་ནང་འཛུལ་དགོས་ཤིང་། །བདག་གི་མི་ཚེའི་ལོ་ཟླ་ལྷག་མ་རྣམས། །ང་ལས་འཕྲོག་པར་འགྱུར་རོ་བདག་གིས་སྨྲས། ། 11 ད་ནི་གསོན་པོའི་ཡུལ་དུ་བདག་ལྟ་བུས། །དཀོན་མཆོག་ཡ་ཝཱེ་སླར་ཡང་མཇལ་མི་འོང་། །འཇིག་རྟེན་ཡུལ་གྱི་མི་རྣམས་ཁྲོད་ནས་ནི། །གཅིག་ཀྱང་མཐོང་བར་མི་འགྱུར་བདག་གིས་སྨྲས། ། 12 ང་ཡི་སྡོད་གནས་རྩ་ནས་ཕྱུང་བ་སྟེ། །ལུག་རྫིའི་གུར་བཞིན་ང་དང་ཕྲལ་བ་ཡིན། །འཐག་མཁན་ཇི་བཞིན་ང་ཡིས་རང་སྲོག་བསྒྲིལ། །ཁོང་གིས་ང་རང་ཐགས་ཁྲི་ལས་བཅད་དེ། །ཉིན་གཅིག་རིང་ལ་ངའི་ཚེ་རྫོགས་པར་མཛད། ། 13 ཞོགས་པའི་བར་དུ་བདག་གིས་དབུགས་རིང་ཕྱུང་། །རི་དྭགས་རྒྱལ་པོ་བཞིན་དུ་ཁོང་ཉིད་ཀྱིས། །ང་ཡི་ལུས་ཀྱི་རུས་པ་ཐམས་ཅད་བཅག །ཉིན་གཅིག་རིང་ལ་ངའི་ཚེ་རྫོགས་པར་མཛད། ། 14 བདག་གིས་ཁུག་རྟ་ནང་བཞིན་བྱིའུ་སྐད་བསྒྲགས། །ཁྲུང་ཁྲུང་དཀར་པོ་ནང་བཞིན་སྐད་ཅོར་བརྒྱབ། །ཕུག་རོན་བཞིན་དུ་ངུ་སྐད་བཏོན་པ་ཡིན། །སྟེང་ཕྱོགས་བལྟས་ནས་ངའི་མིག་ཐང་ཆད་བྱུང་། །ཀྱེ་ཀྱེ་ཡ་ཝཱེ་ང་རང་སྡུག་ལ་ཕྲད། །ཁྱེད་ཉིད་ང་ཡི་སྐྱབས་སུ་འགྱུར་བར་མཛོད། །
15 ད་ནི་བདག་གིས་ཅི་ཞིག་སྨྲ་བར་བྱ། །གནང་བའི་ཞལ་བཞེས་ཁོང་གིས་བསྒྲུབས་པར་མཛད། །འདས་ཟིན་ངའི་སེམས་སྡུག་གིས་མནར་བས་ན། །གཟབ་གཟབ་ངང་ནས་མི་ཚེ་རོལ་དགོས་སོ། ། 16 ཀྱེ་ཀྱེ་གཙོ་བོ་མི་དེར་བརྟེན་ནས་འཚོ། །བདག་གི་སེམས་ཀྱིས་དེའི་ནང་ཚེ་སྲོག་རྙེད། །ཁྱེད་ཀྱིས་ང་རང་གསོས་ནས་གསོན་པར་མཛད། ། 17 ལྟོས་དང་བདག་གིས་དཀའ་སྡུག་ཚད་མེད་མྱངས། །དེ་ནི་ང་ལ་ཞི་བདེ་ཐོབ་ཕྱིར་ཡིན། །ཁྱེད་ཀྱིས་ང་ཡི་ཚེ་སྲོག་བསྲུངས་ནས་ནི། །ང་རང་འཆི་བའི་དོང་ལས་བསྒྲལ་བར་མཛད། །ཁྱེད་ཀྱིས་ང་ཡི་སྡིག་པ་ཡོད་དོ་ཅོག །ཐམས་ཅད་ཉིད་ཀྱི་སྐུ་རྒྱབ་གཡུགས་པས་སོ། ། 18 གཤིན་པོའི་ཡུལ་ནས་ཁྱེད་ལ་གཏང་རག་མེད། །འཆི་བས་ཁྱེད་ལ་བསྟོད་བསྔགས་འབུལ་མི་ནུས། །དོང་ནང་ལྷུང་པ་རྣམས་ཀྱིས་ཁྱེད་ཉིད་ཀྱི། །བདེན་པ་ཉིད་ལ་རེ་བ་བསྐྱེད་ནུས་མིན། ། 19 དེ་རིང་བདག་གིས་སྤྱོད་པ་ཇི་བཞིན་དུ། །གསོན་པོས་ཁྱེད་ལ་གཏང་རག་འབུལ་ནུས་ཡིན། །ཕ་ཡིས་རང་གི་བུ་དང་བུ་མོ་ལ། །ཁྱེད་ཀྱི་དྲང་བདེན་རྟོགས་སུ་འཇུག་པ་ཡིན། ། 20 དཀོན་མཆོག་ཡ་ཝཱེས་ང་རང་སྐྱོབ་ངེས་པས། །ང་ཚོས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་། །རྒྱུད་མང་རོལ་ཆས་སྣ་ཚོགས་དཀྲོལ་ནས་ནི། །མི་ཚེ་གང་པོར་ང་ཡི་མགུར་མ་ལེན། །ཞེས་པའོ། །
21 ཡེ་ཤ་ཡཱ་ཡིས་འདི་ལྟར། སེ་ཡབ་ལེབ་མོ་ཞིག་ཁྱེར་འོངས་ནས་རྨ་ཁའི་སྟེང་དུ་ཕུར་ཅིག་དང་། རྒྱལ་པོ་དྲག་པར་འགྱུར་ཞེས་སྨྲས་ཤིང་། 22 ཧི་ཟི་ཀི་ཡཱ་ན་རེ། བདག་ཡར་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་འགྲོ་བར་རྟགས་ཅི་ཡོད་དམ་ཞེས་སྨྲས་སོ། །