ལེའུ་བཅུ་བདུན་པ།
མི་ཀཱ་ཡི་སྐུ་འདྲ།
ཨེ་ཕཱར་ཡིམ་གྱི་རི་ཁུལ་དུ་མི་ཀཱ་ཞེས་པའི་མི་ཞིག་ཡོད་པ་དང་། དེས་རང་གི་མ་ལ་འདི་ལྟར་སྨྲས་པ་སྟེ། གཞན་གྱིས་ཁྱེད་ནས་ཁྱེར་བའི་དངུལ་སྲང་ཆིག་སྟོང་ཆིག་བརྒྱ་དེའི་ཕྱིར་ཁྱེད་ཀྱིས་དམོད་མོ་བྱས་པ་ངས་ཀྱང་ཐོས་བྱུང་། ལྟོས་དང་། དངུལ་དེ་ངའི་ལག་ཏུ་ཡོད་དེ་ངས་ཁྱེར་བ་ཡིན་ཞེས་པར། ཁོའི་མ་ན་རེ། ཀྱེ་བདག་གི་བུ། དཀོན་མཆོག་ཡ་ཝཱེས་ཁྱོད་ལ་བྱིན་རླབས་གནང་བར་ཤོག་ཅེས་སྨྲས། མི་ཀཱ་ཡིས་དངུལ་སྲང་ཆིག་སྟོང་དང་བརྒྱ་ཕྱིར་རང་གི་མ་ལ་ཕུལ་བ་ལ། ཁོའི་མ་ན་རེ། སྐུ་ཞིག་བརྐོ་བ་དང་སྐུ་ཞིག་ལྡུག་པའི་ཕྱིར་བདག་གིས་དངུལ་འདི་ཁྱོད་ཀྱི་དོན་དུ་དཀོན་མཆོག་ཡ་ཝཱེ་ལ་འབུལ་བར་བྱ་སྟེ། བདག་གིས་ད་ལྟ་ཁྱོད་ལ་སྤྲོད་པར་བྱ་ཞེས་སྨྲས་སོ། ། མི་ཀཱ་ཡིས་དངུལ་དེ་ཕྱིར་རང་གི་མ་ལ་ཕུལ་བ་དང་། ཁོའི་མ་ཡིས་དངུལ་སྲང་ཉིས་བརྒྱ་དངུལ་མགར་ལ་སྤྲད་ཅིང་། སྐུ་ཞིག་བརྐོས་པ་དང་སྐུ་ཞིག་བླུགས་ནས་མི་ཀཱའི་ཁང་པར་བཞག མི་ཀཱ་ལ་ལྷ་ཁང་ཞིག་བྱུང་བ་དང་། བེར་ཐུལ་ཞིག་དང་ཁྱིམ་གྱི་ལྷ་སྐུ་རྣམས་བཟོས་ཏེ་རང་གི་བུ་རྣམས་ལས་གཅིག་མཆོད་དཔོན་དུ་བསྐོས་པའོ། ། དེའི་དུས་སུ་ཡེས་ར་ཨེལ་གྱི་ནང་དུ་རྒྱལ་པོ་མེད་ལ། མི་རེ་རེས་གང་འདོད་བཞིན་བྱས་སོ། ། ཡ་ཧུ་དཱའི་པེད་ལེ་ཧེམ་དུ་གཞོན་ནུ་ཞིག་ཡོད་པ་ཡ་ཧུ་དཱའི་རིགས་རྒྱུད་ཀྱི་ལེ་ཝི་པ་ཡིན་ལ། ཁོ་ཡུལ་དེར་བྱེས་སུ་བསྡད་ཡོད་པ་དང་། མི་དེ་ཡ་ཧུ་དཱའི་པེད་ལེ་ཧེམ་གྲོང་རྡལ་དང་བྲལ་ནས་འདུག་ས་ཞིག་འཚོལ་བའི་ཕྱིར་སོང་ཞིང་། ལམ་དུ་བགྲོད་པའི་དུས་སུ་ཨེ་ཕཱར་ཡིམ་རི་ཁུལ་གྱི་མི་ཀཱ་ཚང་ལ་སླེབས། མི་ཀཱས་དེ་ལ་འདི་ལྟར། ཁྱོད་རང་གང་ནས་འོངས་པ་ཡིན་ཞེས་དྲིས་པ་ལ། ཁོ་ན་རེ། བདག་ནི་ཡ་ཧུ་དཱའི་པེད་ལེ་ཧེམ་ནས་འོངས་པ་དང་། བདག་ནི་ལེ་ཝི་པ་ཞིག་ཡིན་ལ་འདུག་ས་འཚོལ་བ་ཡིན་ཞེས་སྨྲས་ཤིང་། 10 མི་ཀཱ་ན་རེ། ཁྱེད་རང་བདག་དང་མཉམ་དུ་བསྡད་ཆོག་པ་སྟེ། ངས་ཁྱེད་རང་ཕ་དང་མཆོད་དཔོན་དུ་བཀུར་ཞིང་། ངས་ལོ་རེར་ཁྱེད་ལ་དངུལ་སྲང་བཅུ་དང་། གྱོན་གོས་ཁ་ཚང་གཅིག མི་ཚེ་བསྐྱལ་བའི་ཁ་ཟས་བཅས་འབུལ་བར་བྱ་ཞེས་སྨྲས་པ་ལ། ལེ་ཝི་པ་དེ་ཁོའི་ཁྱིམ་དུ་འཛུལ་བའོ། ། 11 ལེ་ཝི་པ་མི་དེ་དང་མཉམ་དུ་སྡོད་པར་དགའ་ཞིང་། ཁོས་གཞོན་ནུ་དེ་རང་གི་བུ་བཞིན་བསྐྱངས་སོ། ། 12 མི་ཀཱས་ལེ་ཝི་པའི་གཞོན་ནུ་དེ་མཆོད་དཔོན་དུ་བསྐོས་པ་དང་ཁོ་རང་མི་ཀཱའི་ཁྱིམ་དུ་བསྡད། 13 དེ་ནས་མི་ཀཱ་ན་རེ། ད་ནི་བདག་ལ་ལེ་ཝི་པ་ཞིག་མཆོད་དཔོན་དུ་ཡོད་པས། དཀོན་མཆོག་ཡ་ཝཱེས་བདག་ལ་བྱིན་རླབས་གནང་ངེས་ཡིན་པ་ཤེས་ཞེས་སྨྲས་སོ། །