ལེའུ་ལྔ་པ།
ཡེ་རུ་སཱ་ལེམ་གྱི་སྡིག་པ།
1 ཁྱོད་རྣམས་ཡེ་རུ་སཱ་ལེམ་གྱི་སྲང་ལམ་རེ་རེར་སོང་ནས། གྲོང་ཁྱེར་དེའི་ཐང་ཆེན་དུ་མི་སུ་ཞིག་གིས་དྲང་པོར་སྤྱོད་པ་དང་། སུ་ཞིག་གིས་དྲང་བདེན་བསྙེག་པ་འཚོལ་ཞིག གལ་ཏེ་ཡོད་ན། བདག་གིས་གྲོང་ཁྱེར་དེ་གུ་ཡངས་སུ་གཏོང་བར་བྱ། 2 དེ་དག་གིས་གཏན་དུ་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་མནའ་བསྐྱལ་ན་ཡང་མནའ་དེ་ནི་དངོས་གནས་རྫུན་ཡིན། 3 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱི་སྤྱན་གྱིས་དྲང་བདེན་འཚོལ་བ་མ་ཡིན་ནམ། ཁྱེད་ཀྱིས་དེ་རྣམས་ལ་བརྡུངས་ནའང་དེ་དག་སེམས་མ་སྡུག་ལ། ཁྱེད་ཀྱིས་དེ་དག་རྩ་མེད་དུ་བཏང་ནའང་དེ་དག་གིས་ད་དུང་ཁྱེད་ཀྱི་བསླབ་བྱ་དང་དུ་མ་བླངས། དེ་དག་གིས་རང་གི་ངོ་གདོང་ཕ་བོང་ལས་ཀྱང་མཁྲེགས་པར་བྱས་ནས་ཕྱིར་མི་འཁོར་བ་ཡིན་ནོ། ། 4 བདག་གིས་མི་འདི་དག་ནི་དངོས་གནས་དབུལ་ཞིང་བླུན་རྨོངས་ཡིན་པ་སྟེ། ཅི་ལ་ཞེ་ན། དེ་དག་གིས་དཀོན་མཆོག་ཡ་ཝཱེའི་ཕེབས་ལམ་མི་རྟོགས་པ་དང་། ཁོ་ཚོའི་དཀོན་མཆོག་གི་ཁྲིམས་སྲོལ་ཡང་མི་ཤེས་སོ། ། 5 ང་རང་མི་ཆེན་རྣམས་དང་འཕྲད་དུ་སོང་ནས་ཁོ་རྣམས་ལ་གཏམ་བཤད་དགོས་ཏེ། ཁོ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་ཕེབས་ལམ་དང་ཁོ་ཚོའི་དཀོན་མཆོག་གི་ཁྲིམས་སྲོལ་ཤེས་པ་ཡིན་ཞེས་སྨྲས་ནའང་། མི་འདི་རྣམས་ཀྱིས་མཉམ་དུ་གཉའ་ཤིང་བཅག་སྟེ་འཆིང་ཐག་བཅད་པ་ཡིན། 6 དེ་བས་ནགས་ཚལ་གྱི་སེང་གེས་ཁོ་རྣམས་གསོད་པར་འགྱུར་ལ། ཐང་རྒོད་ཀྱི་འཕར་སྤྱང་གིས་ཁོ་རྣམས་མེད་པར་བཟོ་ངེས། གཟིག་གིས་མཁར་སྒོ་རུ་དེ་རྣམས་ལ་འཇབ་སྒུག་བྱེད་པ་དང་། མཁར་སྒོ་ནས་ཕྱིར་འབུད་པ་ཐམས་ཅད་གཤགས་པར་འགྱུར། ཅི་ལ་ཞེ་ན། དེ་ཚོའི་ཉེས་སྐྱོན་ཧ་ཅང་མང་ཞིང་ལོག་ལམ་དུ་ཞུགས་པའི་དོན་ཡང་བགྲང་ལས་འདས་པས་སོ། ། 7 བདག་གིས་ཁྱོད་ལ་གུ་ཡངས་ཅི་ལྟར་གཏོང་ངམ། ཁྱོད་ཀྱི་བུ་རྣམས་ཀྱིས་ང་རང་བསྐྱུར་ནས། དཀོན་མཆོག་མིན་པ་དེ་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་དང་། བདག་གིས་ཁོ་རྣམས་འགྲང་བར་བྱས་ནའང་དེ་དག་གིས་ལོག་གཡེམ་སྤྱད་ནས་སྨད་འཚོང་མའི་ཁྱིམ་དུ་འཚང་པའོ། ། 8 དེ་དག་ནི་ལེགས་པར་གསོས་པའི་རྟ་དང་འདྲ་སྟེ། འདོད་ཆགས་རྒྱས་ཏེ་ཁྱིམ་མཚེས་ཀྱི་ཆུང་མའི་ཕྱོགས་སུ་འཚེར་བའོ། ། 9 བདག་གིས་དོན་འདི་རྣམས་ཀྱི་ཕྱིར་ཉེས་ཆད་མི་གཅོད་དམ། མི་རིགས་འདི་ལྟ་བུ་ལ་བདག་གིས་ལན་མི་བསློག་གམ་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས། 10 ཁྱོད་རྣམས་ཡར་སོང་ནས་དེའི་རྒུན་ཚལ་རྣམས་གཏོར་བར་གྱིས་ཤིག ཡིན་ཡང་རྩ་བ་ནས་མེད་པར་མི་བཟོ་བར་དེའི་ཡལ་ག་ཆོད་ཅིག ཅི་ལ་ཞེ་ན། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་མི་གཏོགས་པས་སོ། ། 11 ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་དང་ཡ་ཧུ་དཱའི་ཁྱིམ་རྒྱུད་གཉིས་ཀྱིས་བདག་ལ་གཡོ་སྒྱུ་ཚད་པ་ཡིན་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
12 དེ་དག་གིས་དཀོན་མཆོག་ཡ་ཝཱེ་ཁས་མི་ལེན་པར་ན་རེ། ཁོང་གིས་ཅི་ཡང་མཛད་པར་མི་འགྱུར་ཏེ། ཆག་སྒོ་ང་ཚོའི་སྟེང་ལ་ལྷུང་མི་སྲིད། ང་ཚོས་རལ་གྲི་དང་མུ་གེ་ཡང་མཐོང་བར་མི་འགྱུར། 13 ལུང་སྟོན་པ་རྣམས་ནི་རླུང་ཙམ་ཡིན་པ་དང་དེ་དག་གི་ནང་དུ་བཀའ་ཡང་མེད་ལ། ཁོ་ཚོས་ཅི་སྨྲས་པ་དེ་རང་གི་སྟེང་དུ་འབབ་ངེས་ཡིན་ཞེས་སྨྲས། 14 དེ་བས་དཔུང་ཚོགས་ཀྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དེ་དག་གིས་ཚིག་འདི་སྨྲས་པའི་རྐྱེན་གྱིས། ལྟོས་ཤིག བདག་གིས་རང་གི་བཀའ་ནི་ཁྱོད་ཀྱི་ངག་ཏུ་མེ་ལྟར་བྱེད་ཅིང་། འབངས་མི་ནི་ཤིང་ལྟར་བྱས་ནས་མེ་དེས་ཁོ་རྣམས་ཁྱུར་མིད་གཏོང་བར་འགྱུར་རོ། ། 15 ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་རྣམས། བདག་གིས་མི་སྡེ་གཞན་ཞིག་རྒྱང་རིང་ནས་ཡོང་སྟེ་ཁྱོད་ལ་རྒོལ་བར་བྱེད་ངེས་ཡིན་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། །མི་སྡེ་དེ་ནི་གནའ་ནས་གནས་པ་དང་། གནའ་བོའི་མི་སྡེ་ཞིག་ཡིན་ལ། ཁོ་ཚོའི་སྐད་རིགས་ཁྱོད་ཚོས་མི་ཤེས་ལ། སྨྲ་བའི་སྐད་ཆ་ཡང་ཁྱོད་ཚོས་རྟོགས་པར་མི་འགྱུར། 16 དེ་དག་གི་མདའ་དོང་ནི་ཁ་ཕྱེས་པའི་དུར་ཁུང་དང་འདྲ་ཞིང་། དེ་རྣམས་ཐམས་ཅད་དཔའ་བོ་ཡིན། 17 དེ་དག་གིས་ཁྱོད་ཚོའི་ལོ་ཏོག་དང་འབྲུ་རིགས་རྣམས་ཁྱུར་མིད་གཏོང་ཞིང་། ཁྱོད་ཀྱི་བུ་དང་བུ་མོ་རྣམས་དང་། ཁྱོད་ཚོའི་ར་ལུག་དང་བ་གླང་གི་ཁྱུ། ཁྱོད་ཚོའི་རྒུན་འབྲུམ་དང་སེ་ཡབ་ཀྱི་ཤིང་རྣམས་ཀྱང་ཁྱུར་མིད་གཏོང་བ་ཡིན། ཁྱོད་ཅག་བརྟེན་སའི་མཁར་བརྟན་པོ་རྣམས་ཀྱང་རལ་གྲིས་འཇོམས་པར་འགྱུར། 18 ཐ་ན་དུས་དེ་ལ་ཡང་། བདག་གིས་ཁྱོད་རྣམས་རྩ་མེད་དུ་མི་གཏོང་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 19 གལ་ཏེ་མ་འོངས་པ་ན་འདི་ལྟར། བདག་ཅག་གི་དཀོན་མཆོག་ཡ་ཝཱེས་ཅིའི་ཕྱིར་རང་ཅག་ལ་དོན་འདི་རྣམས་མཛད་པ་ཡིན་ནམ་ཞེས་ཟེར་མཁན་བྱུང་ན། ཁྱོད་ཀྱིས་ཁོ་ཚོར་འདི་ལྟར། ཁྱོད་ཚོས་ཇི་ལྟར་ང་རང་དོར་ནས་རང་གི་ཡུལ་འདིར་ཕྱི་རོལ་པའི་ལྷ་རྣམས་ལ་ཞབས་ཕྱི་བསྒྲུབས་པ་ཡིན་ན། ཁྱོད་ཅག་གིས་དེ་ལྟར་རང་ལ་མི་དབང་བའི་གནས་སུ་ཕྱི་རོལ་པ་རྣམས་ལ་གཡོག་བྱེད་པར་འགྱུར་ཞེས་ཤོད་ཅིག་ཅེས་གསུངས་སོ། །
དཀོན་མཆོག་གིས་ཉིད་ཀྱི་འབངས་མི་ལ་ཐ་ཚིག་སྒྲོག་པ།
20 ཁྱོད་རྣམས་ཀྱིས་ཡ་ཀོབ་ཀྱི་ཁྱིམ་རྒྱུད་ལ་དོན་འདི་བསྒྲགས་ནས་ཡ་ཧུ་དཱ་རུ་འདི་ལྟར་སྒྲོགས་ཤིག 21 ཀྱེ་གླེན་ཞིང་གོ་བ་མེད་པའི་མི་རྣམས། ཁྱོད་ཚོར་མིག་ཡོད་ཀྱང་མི་མཐོང་ལ། རྣ་བ་ཡོད་ཀྱང་མི་ཐོས། ཡིན་ཡང་ད་ལྟ་གཏམ་འདི་ལ་ཉོན་ཅིག 22 ཁྱོད་ཚོ་བདག་ལའང་མི་འཇིགས་སམ། ཁྱོད་རྣམས་བདག་གི་མདུན་དུ་མི་འདར་རམ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། བདག་གིས་དུས་གཏན་གྱི་ཁྲིམས་སྲོལ་དུ་རྒྱ་མཚོའི་ས་མཚམས་སུ་བྱེ་མ་བཞག་སྟེ། ནམ་ཡང་དེ་ལས་བརྒལ་མི་རུང་བ་དང་། རྦ་རླབས་འཕྱུར་ཡང་དེ་ལས་རྒྱལ་མི་ནུས་ལ། མཚོ་རླབས་ལང་ལོང་དུ་འཕྱུར་ཡང་དེ་ལས་བརྒལ་ཐབས་མེད་དོ། ། 23 ཡིན་ནའང་མི་འདི་དག་ནི་གཤིས་གྱོང་ངོ་ལོག་གི་སེམས་དང་བཅས་བདག་དང་བྲལ་ནས་སོང་། 24 དེ་དག་གི་སེམས་སུ་བདག་ཅག་གིས་རང་རེའི་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་པར་བྱེད་འོས་ཏེ། ཁོང་གིས་དུས་བཞིན་ཆར་བ་གནང་སྟེ། དེ་ནི་སྟོན་དཔྱིད་གཉིས་ཀྱི་ཆར་བ་ཡིན། ཡང་རང་ཅག་གི་དོན་དུ་སྟོན་ཐོག་བསྡུ་བའི་དུས་ཚིགས་གཏན་ལ་ཕབ་པ་ཡིན་ཞེས་མི་དྲན་ནོ། ། 25 ཁྱོད་ཚོའི་ཉེས་སྐྱོན་གྱིས་འདི་རྣམས་ཁྱོད་ཚོ་དང་འབྲལ་བར་བྱས་ཤིང་། ཁྱོད་ཚོའི་སྡིག་པ་ཡིས་ཁྱོད་ཚོའི་བདེ་སྐྱིད་ཕྲོགས་པ་ཡིན། 26 བདག་གི་འབངས་མིའི་ཁྲོད་དུ་ངན་པ་ཡོད་ལ། དེ་དག་བྱ་འཛིན་མཁན་ལྟར་ལྐོག་ཏུ་འཇབ་ནས་ལྟ་ཞིབ་བྱེད་པ་དང་། དྲ་རྒྱ་བཙུགས་ནས་མི་རྣམས་འཛིན་པ་ཡིན། 27 བྱ་གཟེབ་ནང་དུ་བྱ་བྱེའུ་ཡིས་བཀང་པ་ལྟར། དེ་དག་གི་ཁང་པར་ཡང་གཡོ་སྒྱུས་བཀང་པས་ཁོ་རྣམས་འབྱོར་བ་རྒྱས་ཤིང་སྟོབས་ཅན་དུ་གྱུར། 28 དེ་རྣམས་ལུས་སྟོབས་རྒྱས་ཤིང་ངན་སྤྱོད་ཚད་མེད་སྤྱད་པ་དང་། མི་ཡི་ཆེད་དུ་དཀར་མི་འདོན་ལ། དྭ་ཕྲུག་གི་ཆེད་དུ་དཀར་བཏོན་ནས་དེ་དག་གྱོད་ལས་རྒྱལ་བར་མ་བཅུག་ཅིང་། དབུལ་པོའི་ཆེད་དུ་དག་འབུད་ཀྱང་མ་བྱས་སོ། ། 29 བདག་གིས་དོན་འདི་རྣམས་ཀྱི་ཕྱིར་ཉེས་ཆད་མི་གཅོད་དམ། མི་རིགས་འདི་ལྟ་བུ་ལ་བདག་གིས་ལན་མི་བསློག་གམ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 30 རྒྱལ་ཁམས་ནང་དུ་འཇིགས་སུ་རུང་ཞིང་སྐྲག་སྣང་ཅན་གྱི་དོན་བྱུང་སྟེ། 31 ལུང་སྟོན་པ་རྣམས་ཀྱིས་ལུང་བསྟན་རྫུན་མ་སྨྲ་ཞིང་། མཆོད་དཔོན་རྣམས་ཀྱིས་དབང་ཆ་རང་གི་ལག་ཏུ་འཛིན་པ་ཡིན། བདག་གི་མི་རྣམས་ཀྱང་འདི་ལ་དགའ་སྟེ། མཐའ་མའི་དུས་སུ་སླེབས་དུས་ཁྱོད་ཚོས་ཅི་ཞིག་བྱེད་དམ།