ལེའུ་བཞི་བཅུ་པ།
ཡེ་རེམ་ཡཱ་ཁོང་ཉིད་གེ་དལ་ཡཱ་དང་མཉམ་དུ་བཞུགས་པ།
ཡེ་རེམ་ཡཱ་ཁོང་ཉིད་ཡེ་རུ་སཱ་ལེམ་དང་ཡ་ཧུ་དཱ་ཡི་པཱ་པེལ་ལོན་དུ་བཙོན་ལ་ཁྲིད་པ་ཐམས་ཅད་ཀྱི་ཁྲོད་དུ་ལྕགས་སྒྲོག་བརྒྱབ་ཡོད་པ་ལ། སྐུ་སྲུང་དམག་དཔོན་ནེ་བོ་ཟར་ཨ་དན་གྱིས་ཁོང་ཉིད་རཱ་མ་ནས་བཙོན་གྲོལ་བཏང་བ་དང་། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་ངོ་། ། དེར་སྐུ་སྲུང་དམག་དཔོན་གྱིས་ཡེ་རེམ་ཡཱ་གདན་དྲངས་ནས་ཁོང་ལ་འདི་ལྟར། ཁྱེད་ཀྱི་དཀོན་མཆོག་ཡ་ཝཱེས་གནས་འདི་ལ་ཆག་སྒོ་འདི་འབྱུང་བར་མཛད་པ་བསྒྲགས་ཤིང་། ད་ནི་དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་བཀའ་གསུང་བཞིན་དུ་ཆག་སྒོ་འདི་འབྱུང་བར་མཛད་པ་སྟེ། ཅི་ལ་ཞེ་ན། ཁྱོད་ཚོས་དཀོན་མཆོག་ཡ་ཝཱེ་དང་འགལ་བའི་སྡིག་པ་བྱས་ཏེ། ཁོང་གི་བཀའ་ལ་མ་མཉན་པས་དོན་འདི་ཁྱོད་ཅག་གི་སྟེང་དུ་བབས་པ་ཡིན། ལྟོས་དང་། ད་ལྟ་ངས་ཁྱེད་ཀྱི་ལག་སྒྲོག་བསྒྲལ་ཟིན་པས། ཇི་སྟེ་ཁྱེད་རང་ང་དང་མཉམ་དུ་པཱ་པེལ་ལོན་དུ་ཕེབས་འདོད་ན་ཕེབས་ཤོག་དང་ངས་ཁྱེད་རང་དྲིན་གྱིས་སྐྱོང་ངོ་། །ཡང་ཇི་སྟེ་ང་དང་མཉམ་དུ་པཱ་པེལ་ལོན་དུ་ཕེབས་མི་འདོད་ན་བཞུགས་པར་མཛོད་ཅིག ལྟོས་དང་། ཡུལ་ཁམས་ཐམས་ཅད་ཁྱེད་ཀྱི་མདུན་དུ་ཡོད་པས། ཁྱེད་གང་ལ་མཉེས་ཤིང་གང་ཞིག་ཐུགས་ལ་འབབ་ན་དེ་རུ་ཕེབས་ཤིག་ཅེས་སྨྲས་པ་དང་། ཡེ་རེམ་ཡཱ་ད་དུང་མ་སོང་བའི་སྔོན་དུ་དེས་ཁོང་ལ་འདི་ལྟར། ཡང་ན་ཁྱེད་ནི་པཱ་པེལ་ལོན་རྒྱལ་པོས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ཀྱི་འགོ་དཔོན་དུ་བསྐོས་པའི་ཤཱ་ཕན་གྱི་ཚ་བོ་སྟེ་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱའི་རྩར་ཕེབས་ཤིག དེའི་རྩར་མི་རྣམས་ཀྱི་ཁྲོད་དུ་བཞུགས་དང་། དེ་མིན་གཞན་ཁྱེད་གང་ལ་མཉེས་ཤིང་གང་ཞིག་ཐུགས་ལ་འབབ་ན་དེ་རུ་ཕེབས་ཤིག་ཅེས་ཞུས་ཏེ། སྐུ་སྲུང་དམག་དཔོན་གྱིས་ཁོང་ལ་ཁ་ཟས་དང་གསོལ་རས་ཕུལ་ནས་བཞུད་དུ་བཅུག་པ་དང་། ཡེ་རེམ་ཡཱ་ནི་མཱས་ཟི་ཕཱ་རུ་སླེབས་ཏེ་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་ཡོད་སར་ཕྱིན་ནས། དེ་དང་མཉམ་དུ་ཡུལ་ནང་ལུས་ཡོད་པའི་མི་རྣམས་ཀྱི་ཁྲོད་དུ་བཞུགས་སོ། །
གེ་དལ་ཡཱ་སྤྱི་དཔོན་དུ་བསྐོས་པ།
དེ་ཡང་ཐང་དུ་ཡོད་པའི་དམག་དཔོན་རྣམས་དང་དེ་དག་གི་འཁོར་གཡོག་རྣམས་ཀྱིས། པཱ་པེལ་ལོན་གྱི་རྒྱལ་པོས་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་ཡུལ་དེའི་སྤྱི་དཔོན་དུ་བསྐོས་པ་དང་། པཱ་པེལ་ལོན་དུ་བཙོན་ལ་མ་ཁྲིད་པའི་སྐྱེས་པ་དང་བུད་མེད། བྱིས་པ་རྣམས། ཡུལ་དེའི་དབུལ་པོ་རྣམས་དེའི་ལག་ཏུ་གཏད་པ་ཐོས་ནས། ནེ་ཐན་ཡཱའི་བུ་ཡེས་མ་ཨེལ་དང་ཀཱ་རེ་ཨའི་བུ་ཡོ་ཧ་ནན་དང་ཡོ་ནཱ་ཐན་གཉིས་ཀ ཐན་ཧུ་མེད་ཀྱི་བུ་སེ་ར་ཡཱ། ནེ་ཏོ་ཕཱ་པའི་ཨེ་ཕཱ་ཡིའི་བུ་རྣམས། མ་ཨ་ཀཱ་པའི་བུ་ཡེ་ཟན་ཡཱ་དང་དེ་དག་གི་འཁོར་དང་བཅས་པ་མཱས་ཟི་ཕཱ་རུ་གེ་དལ་ཡཱའི་དྲུང་དུ་འོངས་པ་ལ། ཤཱ་ཕན་གྱི་ཚ་བོ་སྟེ་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱས་དེ་དག་དང་དེ་དག་གི་འཁོར་རྣམས་ལ་མནའ་བསྐྱལ་ནས་འདི་ལྟར། ཁྱེད་ཅག་ཀལ་དི་པ་རྣམས་ལ་འཇིགས་ནས་དེ་དག་ལ་གཡོག་མ་བྱེད་ཅིག ཡུལ་འདིར་སྡོད་ལ་པཱ་པེལ་ལོན་གྱི་རྒྱལ་པོར་ཞབས་ཕྱི་སྒྲུབས་ཤིག་དང་། དེ་ནས་ཁྱེད་ཅག་བདེ་བར་གནས་ཐུབ་པ་ཡིན། 10 ཡང་ང་རང་ནི་མཱས་ཟི་ཕཱ་རུ་བསྡད་དེ། ངེད་ཅག་གི་རྩར་འོང་བའི་ཀལ་དི་པ་རྣམས་ལ་བར་དཔང་བྱེད་དགོས། ཁྱེད་ཅག་གིས་རྒུན་ཆང་དང་དབྱར་ཀའི་ཤིང་ཏོག སྣུམ་བཅས་སྡུས་ལ་རང་གི་སྣོད་ཀྱི་ནང་གསོགས་ཤིག ད་དུང་རང་གིས་བཟུང་བའི་གྲོང་ཁྱེར་དུ་སྡོད་ཅིག་ཅེས་བསྒོས་སོ། ། 11 དེ་ནས་མོ་ཨབ་དང་ཨམ་མོན་པའི་ཁྲོད་དང་། ཨེ་དོམ། ཡུལ་ཕྱོགས་སོ་སོ་བཅས་སུ་ཡོད་པའི་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་པཱ་པེལ་ལོན་གྱི་རྒྱལ་པོས་ཡ་ཧུ་དཱ་པའི་ལྷག་ལུས་རྣམས་བསྐྱུར་བར་མ་ཟད། ད་དུང་ཤཱ་ཕན་གྱི་ཚ་བོ་སྟེ་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་སྤྱི་དཔོན་དུ་བསྐོས་པའི་གཏམ་ཐོས་པ་ན། 12 ཡ་ཧུ་དཱ་པ་ཐམས་ཅད་གང་སར་བསྐྲད་པའི་ཡུལ་ཕྱོགས་སོ་སོ་ནས་ཕྱིར་ལོག་སྟེ། ཡ་ཧུ་དཱའི་ཡུལ་གྱི་མཱས་ཟི་ཕཱ་རུ་གེ་དལ་ཡཱའི་རྩར་འོངས་ནས་རྒུན་ཆང་དང་དབྱར་ཀའི་ཤིང་ཏོག་མང་པོ་བསགས་སོ། ། 13 ཀཱ་རེ་ཨའི་བུ་ཡོ་ཧ་ནན་དང་ཐང་དུ་ཡོད་པའི་དམག་དཔོན་རྣམས་མཱས་ཟི་ཕཱ་རུ་གེ་དལ་ཡཱའི་རྩར་འོངས་ནས་དེ་ལ་ན་རེ། 14 ཨམ་མོན་པའི་རྒྱལ་པོ་པ་ཨ་ལིས་ཀྱིས་ཁྱེད་གསོད་དུ་ནེ་ཐན་ཡཱའི་བུ་ཡེས་མ་ཨེལ་མངགས་པ་ཁྱེད་ཀྱིས་ཤེས་སམ་ཞེས་ཞུས་ཀྱང་། ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་དེ་དག་ལ་ཡིད་མ་ཆེས་སོ། ། 15 དེ་ནས་ཀཱ་རེ་ཨའི་བུ་ཡོ་ཧ་ནན་གྱིས་མཱས་ཟི་ཕཱ་རུ་གེ་དལ་ཡཱ་ལ་ལྐོག་ཏུ་ན་རེ། ང་རང་ནེ་ཐན་ཡཱའི་བུ་ཡེས་མ་ཨེལ་གསོད་དུ་འགྲོ་བར་གནོངས་ཤིག་དང་སུས་ཀྱང་ཤེས་པར་མི་འགྱུར་རོ། །ཅི་ཞིག་ལ་དེར་ཁྱེད་གསོད་དུ་བཅུག་ནས། ཁྱེད་ཀྱི་དྲུང་དུ་འདུས་པའི་ཡ་ཧུ་དཱ་པ་ཐམས་ཅད་ཁ་འཐོར་དུ་འགྲོ་བ་དང་། ཡ་ཧུ་དཱའི་ནང་ལུས་པའི་མི་ཐམས་ཅད་འཆི་བར་བྱའམ་ཞེས་ཞུས་མོད་ཀྱང་། 16 ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་ཡིས་ཀཱ་རེ་ཨའི་བུ་ཡོ་ཧ་ནན་ལ་འདི་ལྟར། ཁྱོད་ཀྱིས་དེ་ལྟར་མ་བྱེད་ཅིག ཅི་ལ་ཞེ་ན། ཁྱོད་ཀྱིས་ཡེས་མ་ཨེལ་གྱི་སྐོར་དུ་སྨྲས་པ་ཐམས་ཅད་རྫུན་ཡིན་ནོ་ཞེས་སྨྲས་སོ། །