ལེའུ་ང་གཉིས་པ།
ཡེ་རུ་སཱ་ལེམ་དགྲ་ལག་ཏུ་ཤོར་བ།
1 ཚིད་ཀི་ཡཱ་རྒྱལ་པོ་བྱེད་དུས་ལོ་ཉེར་གཅིག་ལོན་ཡོད་དེ། ཡེ་རུ་སཱ་ལེམ་དུ་ལོ་བཅུ་གཅིག་གི་རིང་ལ་རྒྱལ་སྲིད་བསྐྱངས་པ་དང་། ཁོའི་ཡུམ་གྱི་མིང་ལ་ཧ་མུ་ཏལ་ཟེར་ཞིང་། མོ་ནི་ལིབ་ནཱ་པ་ཡེ་རེམ་ཡཱའི་བུ་མོ་ཡིན་ནོ། ། 2 ཚིད་ཀི་ཡཱ་ཡིས་ཡེ་ཧོ་ཡཱ་ཀིམ་གྱིས་གང་ཞིག་སྤྱད་པ་བཞིན། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་པས། 3 དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་ནི་ཡེ་རུ་སཱ་ལེམ་དང་ཡ་ཧུ་དཱའི་སྟེང་ནས་བབས་ཏེ། ཐ་ན་དེ་རྣམས་ཁོང་ཉིད་ཀྱི་དྲུང་ནས་བསྐྲད་ཅིང་། ཚིད་ཀི་ཡཱ་ཡིས་པཱ་པེལ་ལོན་གྱི་རྒྱལ་པོར་རྒྱབ་འགལ་བྱས་སོ། །
4 ཁོའི་སྲིད་ལོ་དགུ་པའི་ཟླ་བཅུ་པའི་ཚེས་བཅུ་ཉིན་ལ། པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་དཔུང་ཚོགས་ཁྲིད་དེ་ཡེ་རུ་སཱ་ལེམ་ལ་རྒོལ་བར་འོངས་ནས་མཁར་གྱི་ཕྱོགས་སུ་དམག་སྒར་བཏབ་ཅིང་། གྲོང་ཁྱེར་ལེན་དུ་ཕྱོགས་བཞི་རུ་ས་རགས་བརྩིགས། 5 རྒྱལ་པོ་ཚིད་ཀི་ཡཱའི་སྲིད་ལོ་བཅུ་གཅིག་པའི་བར་དུ་རྒྱལ་ས་དམག་གིས་བསྐོར་ནས་བསྡད་པ་ལ། 6 ཟླ་བཞི་པའི་ཚེས་དགུ་ཉིན། གྲོང་ཁྱེར་ནང་གི་མུ་གེ་ནི་ཤིན་ཏུ་ཚབས་ཆེ་ཞིང་། གནས་དེའི་མི་རྣམས་ལ་ཁ་ཟས་ཅི་ཡང་མེད་པར་གྱུར། 7 དེ་ནས་ལྕགས་རི་གཏོར་བ་དང་། དམག་མི་རྣམས་མཚན་མོའི་དུས་སུ་རྒྱལ་པོའི་སྐྱེད་ཚལ་དང་ཉེ་བའི་མཁར་གཉིས་ཀྱི་བར་སྒོ་ནས་ཕྱི་རུ་བྲོས་ཤིང་། ཀལ་དི་པས་ཕྱོགས་བཞི་ནས་གྲོང་ཁྱེར་བསྐོར་བས་དེ་རྣམས་ཨ་ར་པཱ་རུ་བྲོས་སོ། ། 8 ཀལ་དི་པའི་དམག་དཔུང་གིས་རྒྱལ་པོ་ཚིད་ཀི་ཡཱའི་རྗེས་དེད་ནས་ཡེ་རུ་ཀོའི་ཐང་དུ་ཁོའི་རྗེས་ཆོད་པ་དང་། དེའི་དམག་དཔུང་རྣམས་ཁོ་དང་བྲལ་ནས་ཁ་ཐོར་ཏུ་སོང་། 9 ཀལ་དི་པས་ཁོ་བཟུང་ནས་ཧ་མཱད་ཀྱི་གནས་རིབ་ལཱ་ཞེས་པར་པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱི་མདུན་དུ་ཁྲིད་པ་དང་། ནེ་བོ་ཀད་ནེ་ཙར་གྱིས་དེ་ལ་ཁྲིམས་ཐག་བཅད་དོ། ། 10 པཱ་པེལ་ལོན་གྱི་རྒྱལ་པོས་ཚིད་ཀི་ཡཱའི་མདུན་དུ་ཁོའི་བུ་རྣམས་བསད་པ་དང་། ཡང་རིབ་ལཱ་རུ་ཡ་ཧུ་དཱའི་སྐུ་དྲག་ཐམས་ཅད་ཀྱང་བསད་པར་མ་ཟད། 11 ཚིད་ཀི་ཡཱའི་མིག་ཟུང་བཏོན་ནས་ལི་ཡི་སྒྲོག་རྣམས་བརྒྱབ་སྟེ་པཱ་པེལ་ལོན་དུ་ཁྲིད་པ་དང་། མ་ཤི་བར་དུ་བཙོན་ལ་བཅུག་གོ །
མཆོད་ཁང་གཏོར་བ།
12 པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱི་སྲིད་ལོ་བཅུ་དགུ་པའི་ཟླ་ལྔ་པའི་ཚེས་བཅུ་ཉིན་ལ། པཱ་པེལ་ལོན་གྱི་རྒྱལ་པོའི་མདུན་དུ་སྐུ་སྲུང་བྱེད་པའི་ནེ་བོ་ཟར་ཨ་དན་བྱ་བ་ཡེ་རུ་སཱ་ལེམ་དུ་སོང་ནས། 13 ཁོས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་། རྒྱལ་པོའི་ཕོ་བྲང་དང་། ཡེ་རུ་སཱ་ལེམ་གྱི་ཁང་པ་ཐམས་ཅད་དང་ཁང་བརྩེགས་ཐམས་ཅད་མེར་བསྲེགས་སོ། ། 14 ཡང་སྐུ་སྲུང་དམག་དཔོན་གྱི་རྗེས་འབྲང་པ་སྟེ་ཀལ་དི་པའི་དཔུང་ཚོགས་རྣམས་ཀྱིས་ཡེ་རུ་སཱ་ལེམ་གྱི་ཕྱོགས་བཞིའི་མཁར་རྣམས་བཤིགས་པ་དང་། 15 གྲོང་ཁྱེར་གྱི་ནང་དུ་ལུས་པའི་མི་རྣམས་དང་པཱ་པེལ་ལོན་རྒྱལ་པོར་མགོ་བཏགས་པ་རྣམས། དེ་མིན་ཡུལ་མི་ལྷག་ལུས་དང་བཅས་པ་སྐུ་སྲུང་དཔོན་པོ་ནེ་བོ་ཟར་ཨ་དན་གྱིས་བཙན་ཁྲིད་བྱས་སོ། ། 16 ཡིན་ནའང་སྐུ་སྲུང་དམག་དཔོན་ནེ་བོ་ཟར་ཨ་དན་གྱིས་ཡུལ་དེའི་དབུལ་པོ་དབུལ་རྐྱང་རྣམས་བསྐྱུར་ནས། དེ་རྣམས་ལ་རྒུན་འབྲུམ་ར་བ་ལེགས་བཅོས་བྱེད་པ་དང་ཞིང་རྨོ་རུ་བཅུག 17 དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་ཡོད་པའི་ལི་ཡི་ཀ་བ་རྣམས་དང་། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་ཡོད་པའི་སྟེགས་བུ་རྣམས། ལི་ཡི་རྒྱ་མཚོ་ཞེས་པའི་འཁྲུད་གཞོང་བཅས་ནི་ཀལ་དི་པས་དུམ་བུར་བཅག་ནས་ལི་རྣམས་པཱ་པེལ་ལོན་དུ་ཁྱེར། 18 དེ་དག་གིས་སླ་ང་དང་མེ་ཁྱེམ། སྡོང་རས་གཅོད་བྱེད་སྐམ་ཆུང་། མཆོད་སྡེར། ཁེམ་བུ། དེ་མིན་མཆོད་ཁང་ནང་དུ་བཀོལ་བའི་ལི་ཡི་སྣོད་ཐམས་ཅད་དང་། 19 ཡང་བུམ་པ་དང་མེ་ཕོར། ཕོར་བ། གཞོང་པ། སྒྲོན་སྟེགས། ཁེམ་བུ། སྐྱེམས་མཆོད་འབུལ་བྱེད་ཨུ་ལུ་བཅས་གསེར་དངུལ་གང་ཡིན་གྱི་སྣོད་ཐམས་ཅད་སྐུ་སྲུང་དམག་དཔོན་གྱིས་ཁྱེར་སོང་ངོ་། ། 20 རྒྱལ་པོ་སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་བཟོས་པའི་ཀ་བ་གཉིས་པོ་དང་། ལི་ཡི་རྒྱ་མཚོ་གཅིག་དང་། དེའི་ཞབས་རའི་འོག་ཏུ་ཡོད་པའི་ལི་ཡི་གླང་བཅུ་གཉིས་དང་བཅས་པའི་ལི་ཡི་ལྗིད་ཚད་ནི་གཞལ་དུ་མེད་པ་ཡིན་ཏེ། 21 ཀ་བ་རེ་རེའི་མཐོ་ཚད་ལ་ཁྲུ་བཅོ་བརྒྱད་དང་། མཐུག་ཚད་ལ་སོར་བཞི་དང་། མུ་ཁྱུད་ལ་ཁྲུ་བཅུ་གཉིས་ཡིན་ལ། དཀྱིལ་ནི་སྟོང་པ་ཡིན་ནོ། ། 22 ཀ་བའི་སྟེང་དུ་ལི་ཡི་ཀ་གཞུ་ཡོད་ལ། ཀ་གཞུ་རེ་རེའི་མཐོ་ཚད་ནི་ཁྲུ་ལྔ་ཡིན་པ་དང་། ཀ་གཞུའི་མཐའ་རུ་ལི་ཡིས་གྲུབ་པའི་དྲ་བ་དང་སེ་འབྲུས་བརྒྱན་ཡོད་དེ། ཀ་བ་ཅིག་ཤོས་དེ་ཡང་དེ་དང་དེ་བཞིན་དུ་སེ་འབྲུས་བརྒྱན་ཡོད་དོ། ། 23 ཡང་ཀ་བའི་ཕྱོགས་བཞི་རུ་སེ་འབྲུ་དགུ་བཅུ་གོ་དྲུག་གིས་བརྒྱན་ཡོད་ལ། དེ་དག་ནི་དྲ་བའི་མཐའ་རུ་ཡོད་དེ། བསྡོམས་པས་སེ་འབྲུ་བརྒྱ་ཡོད་དོ། །
ཡ་ཧུ་དཱ་པ་རྣམས་པཱ་པེལ་ལོན་དུ་བཙོན་ལ་ཁྲིད་པ།
24 སྐུ་སྲུང་དམག་དཔོན་གྱིས་མཆོད་དཔོན་ཆེན་པོ་སེ་ར་ཡཱ་དང་། མཆོད་དཔོན་གཉིས་པ་ཟེ་ཕན་ཡཱ་དང་། སྒོ་སྲུང་མི་གསུམ་བཅས་བཙན་ཁྲིད་བྱས་པ་དང་། 25 ཡང་གྲོང་ཁྱེར་ནས་དམག་མིའི་བཀོད་འདོམས་པ་ཞིག་དང་། གྲོང་ཁྱེར་དུ་རྒྱལ་པོའི་སློབ་སྟོན་པ་མི་བདུན་དང་། ཡུལ་མིའི་དམག་དཔོན་གྱི་དྲུང་ཡིག་པ་རྣམས་དང་། དེ་མིན་གྲོང་ཁྱེར་ནང་རྙེད་པའི་མི་རྣམས་ལས་སྐྱེས་པ་དྲུག་ཅུ་དང་བཅས་པའང་ཁྲིད། 26 སྐུ་སྲུང་དམག་དཔོན་ནེ་བོ་ཟར་ཨ་དན་གྱིས་དེ་དག་བཟུང་ནས་རིབ་ལཱ་རུ་པཱ་པེལ་ལོན་གྱི་རྒྱལ་པོའི་དྲུང་དུ་ཁྲིད་པ་ན། 27 པཱ་པེལ་ལོན་གྱི་རྒྱལ་པོས་ཧ་མཱད་ཡུལ་གྱི་རིབ་ལཱ་རུ་དེ་དག་བསད་དོ། །དེ་ལྟར་ཡ་ཧུ་དཱ་པ་རྣམས་རང་ཡུལ་ནས་བཙོན་དུ་ཁྲིད་དོ། ། 28 ནེ་བོ་ཀད་ནེ་ཙར་གྱིས་བཙོན་དུ་ཁྲིད་པའི་མི་གྲངས་ནི་འདི་ལྟ་སྟེ། ཁོང་གིས་རྒྱལ་སྲིད་སྐྱོང་བའི་ལོ་བདུན་པར་ཡ་ཧུ་དཱ་པ་མི་སུམ་སྟོང་བརྒྱ་མེད་ཉེར་གསུམ་བཙོན་དུ་ཁྲིད། 29 ནེ་བོ་ཀད་ནེ་ཙར་གྱི་སྲིད་ལོ་བཅོ་བརྒྱད་པར་ཡེ་རུ་སཱ་ལེམ་ནས་མི་བརྒྱད་བརྒྱ་དང་སུམ་ཅུ་སོ་གཉིས་བཙོན་དུ་ཁྲིད། 30 ནེ་བོ་ཀད་ནེ་ཙར་གྱི་སྲིད་ལོ་ཉེར་གསུམ་པར་སྐུ་སྲུང་དམག་དཔོན་ནེ་བོ་ཟར་ཨ་དན་གྱིས་ཡ་ཧུ་དཱ་པ་རྣམས་ལས་མི་བདུན་བརྒྱ་དང་བཞི་བཅུ་ཞེ་ལྔ་བཙོན་དུ་ཁྲིད་དེ། བསྡོམས་པས་མི་བཞི་སྟོང་དྲུག་བརྒྱ་ཡོད་དོ། ། 31 ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིན་བཙོན་དུ་བཟུང་བའི་ལོ་སུམ་ཅུ་སོ་བདུན་པ་སྟེ། པཱ་པེལ་ལོན་གྱི་རྒྱལ་པོ་ཨེ་ཝིལ་མེ་རོ་དག་བྱ་བ་རྒྱལ་པོར་བསྐོས་པའི་ལོ་དང་པོ་ཡི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། ཁོས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིན་གྱི་དབུ་འཕང་མཐོ་བར་བྱས་ཏེ་བཙོན་གྲོལ་བཏང་ནས། 32 ཡང་ཁོ་ལ་བརྩེ་བའི་གཏམ་སྨྲས་ཤིང་། ཁོའི་གོ་ས་ནི་ཁོང་དང་མཉམ་དུ་པཱ་པེལ་ལོན་དུ་ཡོད་པའི་རྒྱལ་པོ་རྣམས་ལས་མཐོ་བར་བྱས། 33 ཡང་ཁོ་ལ་བཙོན་གོས་ཕུད་དུ་བཅུག་པ་དང་མི་ཚེ་གང་པོར་པཱ་པེལ་ལོན་གྱི་རྒྱལ་པོའི་དྲུང་དུ་ཁ་ཟས་རོལ་བར་བཅུག 34 པཱ་པེལ་ལོན་གྱི་རྒྱལ་པོས་དེ་ལ་རྒྱུན་མཁོའི་ཁ་ཟས་གནང་སྟེ། ཁོང་འཆི་བའི་བར་དུ་ཉིན་རེ་བཞིན་ཚེ་གང་པོར་དེ་ལྟར་བྱས་སོ།། །།