ལེའུ་བཅུ་བཞི་པ།
ཡོར་དན་གཙང་པོའི་ནུབ་ཀྱི་ཡུལ་རྣམས།
ཡེས་ར་ཨེལ་པ་རྣམས་ལ་ཀ་ན་ཨན་ཡུལ་ནས་ཐོབ་པའི་ས་སྐལ་ནི། མཆོད་དཔོན་ཨེ་ལི་ཨ་ཟར་དང་ནུན་གྱི་བུ་ཡོ་ཤུ་ཨ་དང་། དེ་མིན་ཡེས་ར་ཨེལ་གྱི་ཚོ་པ་རེ་རེའི་ཚོ་དཔོན་བཅས་ཀྱིས་ཁོ་རྣམས་ལ་བགོས་པ་འདི་ལྟ་སྟེ། དེ་ནི་དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་ནས་བཀའ་བསྒོས་པ་ཇི་བཞིན། ཁོ་ཚོས་ཚོ་པ་དགུ་དང་ཕྱེད་ཀར་རྒྱན་འཕངས་ནས་ས་སྐལ་བགོས་པའོ། ། མ་གཞི་མོ་ཤེས་ཡོར་དན་གཙང་པོའི་ཤར་ཏུ་ཚོ་པ་གཉིས་དང་ཕྱེད་ཀ་དེ་ལ་ས་སྐལ་བགོས་པ་ཡིན་ལ། ཁོ་རྣམས་ཀྱི་ཁྲོད་དུ་ལེ་ཝི་པ་རྣམས་ལ་ས་སྐལ་མ་བགོས་སོ། ། ཅི་ལ་ཟེར་ན། ཡོ་སེབ་ཀྱི་བུ་རྒྱུད་རྣམས་ནི་མཱ་ན་ཤེ་དང་ཨེ་ཕཱར་ཡིམ་ཚོ་པ་གཉིས་སུ་གྱུར་པས། ལེ་ཝི་པ་རྣམས་ལ་ས་མ་བགོས་མོད། འོན་ཀྱང་ཁོ་རྣམས་གནས་སྡོད་བྱེད་པར་གྲོང་ཁྱེར་གནང་ཞིང་། ཡང་ཁོ་རྣམས་ཀྱི་ཕྱུགས་འཚོ་བ་དང་རྒྱུ་ནོར་འཇོག་པའི་ཕྱིར་གྲོང་ཁྱེར་གྱི་ཉེ་འཁོར་རྣམས་གནང་བའོ། ། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་ཇི་ལྟར་བཀའ་བསྒོས་པ་བཞིན་དུ་ཡེས་ར་ཨེལ་པ་རྣམས་ཀྱིས་དེ་ལྟར་བྱས་ཤིང་ས་བགོས་སོ། །
ཀཱ་ལེབ་ལ་ཧེབ་རོན་གྱི་ས་སྐལ་ཐོབ་པ།
སྐབས་དེར། ཡ་ཧུ་དཱ་པ་རྣམས་གིལ་གལ་དུ་ཡོ་ཤུ་ཨའི་མདུན་དུ་འོངས་པ་དང་། ཀེ་ནི་ཟི་པ་ཡེ་ཕུན་ནེའི་བུ་ཀཱ་ལེབ་ཀྱིས་ཡོ་ཤུ་ཨ་ལ། དཀོན་མཆོག་ཡ་ཝཱེས་ཀཱ་དེའེ་ཤཱ་པར་ནེ་ཨ་རུ་ང་དང་ཁྱེད་གཉིས་ཀྱི་ཕྱིར་དཀོན་མཆོག་གི་སྐྱེས་བུ་མོ་ཤེ་ལ་བཀའ་ཅི་གསུངས་པ་ཐམས་ཅད་ཁྱེད་ཀྱིས་ཤེས་སོ། ། དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེས་ཀཱ་དེའེ་ཤཱ་པར་ནེ་ཨ་ནས་ང་རང་ཡུལ་འདིར་ལྟ་ཉུལ་བྱེད་དུ་མངགས་པ་དང་། དུས་དེར་ང་རང་ལོ་བཞི་བཅུ་ལོན་ཞིང་ངས་བསམ་ཚུལ་བཞིན་ཁོང་ལ་འཕྲིན་ཞུས་པ་ཡིན་མོད། འོན་ཀྱང་ང་དང་ལྷན་ཅིག་ཏུ་ཡར་ཕྱིན་པའི་སྤུན་ཟླ་རྣམས་ཀྱིས་འབངས་མི་ཚོའི་སེམས་ཀྱི་དཔའ་ཞུམ་པར་བྱས། ཡིན་ནའང་ང་རང་ནི་བློ་གཅིག་སེམས་གཅིག་གིས་ང་ཡི་དཀོན་མཆོག་ཡ་ཝཱེའི་རྗེས་སུ་འབྲངས་སོ། ། ཉིན་མོ་དེར་མོ་ཤེས་མནའ་བསྐྱལ་ནས་འདི་སྐད་དུ། ཁྱོད་རང་བློ་གཅིག་སེམས་གཅིག་གིས་ང་ཡི་དཀོན་མཆོག་ཡ་ཝཱེའི་རྗེས་སུ་འབྲངས་པས། ཁྱོད་ཀྱི་གོམ་པ་སྤོས་པའི་ཡུལ་དེ་ནི་དུས་གཏན་དུ་ཁྱོད་དང་ཁྱོད་ཀྱི་བུ་རྒྱུད་ལ་ས་སྐལ་དུ་དབང་ངེས་ཡིན་ཞེས་གསུངས། 10 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གསུང་འདི་གནང་བ་ནས་བཟུང་སྟེ། ཁོང་གི་ཞལ་བཞེས་བཞིན་དུ་ང་རང་ལོ་ངོ་བཞི་བཅུ་ཞེ་ལྔའི་རིང་འཚོ་བར་མཛད་ཅིང་། དེའི་དུས་སུ་ཡེས་ར་ཨེལ་པ་རྣམས་ནི་དབེན་སྟོང་དུ་རྒྱུ་བའོ། །ལྟོས་དང་ད་ནི་ང་རང་ལོ་བརྒྱད་ཅུ་གྱ་ལྔར་སོན་པ་ཡིན། 11 ང་ནི་ད་དུང་མོ་ཤེས་ང་རང་མངགས་པའི་ཉིན་མོ་དེ་བཞིན་དུ་གཟུགས་སྟོབས་ཆེ་ཞིང་། འཐབ་མོ་འཐབ་པའམ་འགྲོ་འོང་བྱེད་པ་གང་ཡིན་ཡང་། བདག་གི་སྟོབས་ཤུགས་ནི་སྐབས་དེར་ཅི་ལྟར་ཡིན་ན་ད་ལྟ་ད་དུང་དེ་ལྟར་ཡིན་ནོ། ། 12 ཁྱེད་ཀྱིས་དཀོན་མཆོག་ཡ་ཝཱེས་ཉིན་མོ་དེར་ང་ལ་ཞལ་བཞེས་གནང་བའི་རི་ཁུལ་འདི་ང་རང་ལ་གནང་བར་མཛོད། དེར་ཨ་ནག་པ་རྣམས་གནས་པར་མ་ཟད་མཁར་རྣམས་ཆེ་ཞིང་སྲ་བརྟན་ཡིན་པ་ཁྱེད་ཀྱིས་དེ་སྔ་ཐོས་མྱོང་པ་ཡིན། དཀོན་མཆོག་ཡ་ཝཱེ་ནི་ཁོང་གིས་གནང་བའི་ཞལ་བཞེས་བཞིན་ང་དང་མཉམ་དུ་བཞུགས་པས་ངས་ཁོ་རྣམས་ཕྱིར་སྐྲོད་ཀྱང་སྲིད་ཅེས་ཞུས་པས། 13 ཡོ་ཤུ་ཨ་ཡིས་ཡེ་ཕུན་ནེའི་བུ་ཀཱ་ལེབ་ལ་བྱིན་གྱིས་བརླབས་པ་དང་ཧེབ་རོན་ཁོ་ལ་ས་སྐལ་དུ་གནང་ངོ་། ། 14 དེའི་ཕྱིར་ཀཱ་ལེབ་བློ་གཅིག་སེམས་གཅིག་གིས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་རྗེས་སུ་འབྲངས་པ་ཡིན་པས། ཧེབ་རོན་ནི་ད་ལྟའི་བར་དུ་ཀེ་ནི་ཟི་པ་ཡེ་ཕུན་ནེའི་བུ་ཀཱ་ལེབ་ཀྱི་ས་སྐལ་ཡིན་ནོ། ། 15 སྔར་ཧེབ་རོན་ལ་ཀིར་ཡཱད་ཨར་པཱ་ཞེས་འབོད་ཅིང་། ཨར་པཱ་ནི་ཨ་ནག་པའི་ཁྲོད་དུ་ཆེས་མཆོག་ཏུ་གྱུར་པ་ཡིན། དེ་ནས་རྒྱལ་ཁམས་བདེ་ཞིང་དམག་འཁྲུག་མེད་པར་གྱུར་ཏོ། །