ལེའུ་ཉེར་གཉིས་པ།
ཡོར་དན་གཙང་པོའི་ཤར་གྱི་ཚོ་པ་རྣམས་ཕྱིར་རང་ཡུལ་དུ་ལོག་པ།
སྐབས་དེར་ཡོ་ཤུ་ཨ་ཡིས་རུ་བེན་པ་དང་གཱ་རྡུ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་མི་རྣམས་བཅས་བོས་འོངས་ཏེ། ཁོ་རྣམས་ལ་ན་རེ། དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེས་ཁྱོད་རྣམས་ལ་བཀའ་བསྒོས་པ་ཐམས་ཅད་ཁྱོད་ཚོས་བསྲུངས་པ་དང་། ངས་ཁྱོད་རྣམས་ལ་བསྒོས་པ་ཐམས་ཅད་ཀྱང་ཁྱོད་ཚོས་བསྲུངས་པ་ཡིན། ཉིན་མང་པོ་འདིའི་རིང་ལ་ད་ལྟའི་བར་དུ་ཁྱོད་རྣམས་ཀྱིས་རང་གི་སྤུན་ཟླ་མ་བསྐྱུར་བར་མ་ཟད། ཁྱོད་ཚོའི་དཀོན་མཆོག་ཡ་ཝཱེས་བསྲུང་བར་བསྒོས་པའི་བཀའ་རྣམས་བསྲུངས་པ་ཡིན། ད་ལྟ་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁོང་གི་ཞལ་བཞེས་བཞིན་དུ་ཁྱོད་རྣམས་ཀྱི་སྤུན་ཟླ་རྣམས་བདེ་བར་བཀོད་པས་ད་ནི་ཕྱིར་ཁྱོད་ཅག་གི་གུར་ཏུ་ལོག་ཆོག་པ་སྟེ། དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེས་ཡོར་དན་གཙང་པོའི་ཤར་ཏུ་ཁྱོད་རྣམས་ལ་ས་སྐལ་དུ་གནང་བའི་ཡུལ་དུ་སོང་ཆོག་གོ ། འོན་ཀྱང་དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེས་ཁྱོད་རྣམས་ལ་བསྒོས་པའི་བཀའ་དང་བཀའ་ཁྲིམས་རྣམས་ཏན་ཏིག་གིས་བསྲུང་བར་གཟབ་དགོས་པ་སྟེ། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་གཅེས་སུ་འཛིན་དགོས་པ་དང་། ཁོང་གི་ལམ་ཐམས་ཅད་དུ་བསྐྱོད་དགོས་ལ། ཁོང་གི་བཀའ་རྣམས་བསྲུང་བ་དང་ཁོང་ལ་རྩེ་གཅིག་གིས་བརྟེན་ཞིང་། བློ་གཅིག་སེམས་གཅིག་གིས་ཁོང་ལ་ཞབས་ཕྱི་འབུལ་བར་གྱིས་ཤིག་ཅེས་སྨྲས་སོ། ། དེ་ནས་ཡོ་ཤུ་ཨ་ཡིས་ཁོ་རྣམས་ལ་བྱིན་གྱིས་བརླབས་ནས་མངགས་པ་དང་། ཁོ་རྣམས་རང་གི་གུར་ཏུ་ཕྱིར་ལོག་པའོ། ། མཱ་ན་ཤེའི་ཚོ་པ་ཕྱེད་ལ་མོ་ཤེས་དུས་སྔ་མོ་ནས་པཱ་ཤན་ཡུལ་དུ་ས་སྐལ་བགོས་ཟིན་པ་དང་། ཚོ་པ་ཕྱེད་ཀ་འདི་ལ་ཡོ་ཤུ་ཨ་ཡིས་ཡོར་དན་གཙང་པོའི་ནུབ་ཕྱོགས་སུ་ཁོ་ཚོའི་སྤུན་རྣམས་ལས་ས་སྐལ་བགོས་པའོ། །ཡོ་ཤུ་ཨ་ཡིས་ཁོ་རྣམས་རང་གི་གུར་ཏུ་མངགས་པའི་ཚེ་ཁོ་ཚོར་བྱིན་གྱིས་བརླབས་ནས་འདི་སྐད་དུ། ཁྱོད་རྣམས་ཀྱིས་རྒྱུ་ནོར་མང་པོ་དང་ཕྱུགས་ཁྱུ་ཆེན་པོ། གསེར་དངུལ་ལི་ལྕགས། དེ་མིན་གྱོན་གོས་མང་པོ་བཅས་ཁྱེར་ནས་ཁྱོད་ཚོའི་གུར་ཏུ་ཕྱིར་ལོག་དགོས་ལ། ཁྱོད་ཚོས་དགྲ་བོ་ནས་ཕྲོགས་འོངས་པའི་དངོས་པོ་དག་ནི་སྤུན་ཟླ་རྣམས་ལ་བགོ་དགོས་ཞེས་སྨྲས། དེ་ནས་རུ་བེན་པ་དང་གཱ་རྡུ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་མི་རྣམས་ཀ་ན་ཨན་གྱི་ཞི་ལོ་ནས་ཆས་ཏེ། ཡེས་ར་ཨེལ་པ་དང་བྲལ་ཞིང་ཁོ་ཚོར་ས་སྐལ་དུ་ཐོབ་པའི་ཡུལ་ཏེ། དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་ནས་བཀའ་བསྒོས་པ་ལྟར་ས་སྐལ་དུ་ཐོབ་པའི་གིལ་ཨད་ཡུལ་དུ་ལོག་གོ །
ཡོར་དན་གཙང་པོ་འགྲམ་གྱི་མཆོད་ཁྲི།
10 རུ་བེན་པ་དང་གཱ་རྡུ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་མི་རྣམས་ཡོར་དན་གཙང་པོ་འགྲམ་རྒྱུད་ཀྱི་ཀ་ན་ཨན་ཡུལ་དུ་སླེབས་པ་དང་། ཡོར་དན་གཙང་པོ་ནས་མཆོད་ཁྲི་ཞིག་བརྩིགས་ཤིང་། མཆོད་ཁྲི་དེ་ནི་བལྟས་ན་མཐོ་ཞིང་ཆེ་བའོ། ། 11 ཡེས་ར་ཨེལ་པ་རྣམས་ཀྱིས་དོན་དེ་ཐོས་ནས་ན་རེ། རུ་བེན་པ་དང་གཱ་རྡུ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་མི་རྣམས་ཀྱིས་ཡོར་དན་གཙང་པོའི་ཉེ་འགྲམ་དུ། ཀ་ན་ཨན་གྱི་མཐའ་མཚམས་སུ་ཡེས་ར་ཨེལ་པ་རྣམས་ལ་གཏོགས་པའི་ཕྱོགས་སུ་མཆོད་ཁྲི་ཞིག་བརྩིགས་པ་རེད་ཅེས་སྨྲས་པའོ། ། 12 ཚོགས་མི་ཡོངས་ཀྱིས་དེ་ཐོས་པ་དང་ཡར་སོང་སྟེ་ཁོ་རྣམས་ལ་འཐབ་ཕྱིར་ཞི་ལོ་རུ་འདུས། 13 ཡེས་ར་ཨེལ་པ་རྣམས་ཀྱིས་མཆོད་དཔོན་ཨེ་ལི་ཨ་ཟར་གྱི་བུ་ཕི་ནེ་ཧེ་གིལ་ཨད་ཡུལ་དུ་རུ་བེན་པ་དང་གཱ་རྡུ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་མི་རྣམས་ཀྱི་མདུན་དུ་མངགས་ཤིང་། 14 ཡང་ཕི་ནེ་ཧེ་དང་མཉམ་དུ་འགོ་དཔོན་བཅུ་སྟེ། ཡེས་ར་ཨེལ་པའི་ཚོ་པ་རེ་རེའི་ཚོ་དཔོན་རེ་མངགས་པ་དང་། ཐམས་ཅད་ཡེས་ར་ཨེལ་གྱི་རུས་རྒྱུད་རྣམས་ཀྱི་འགོ་གཙོ་ཡིན་ནོ། ། 15 ཁོ་རྣམས་གིལ་ཨད་ཡུལ་དུ་སླེབས་ཤིང་རུ་བེན་པ་དང་གཱ་རྡུ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་མི་རྣམས་དང་ཕྲད་ནས་ཁོ་རྣམས་ལ། 16 དཀོན་མཆོག་ཡ་ཝཱེའི་ཚོགས་མི་ཡོངས་ཀྱིས་འདི་ལྟར། ཁྱོད་རྣམས་དེ་རིང་ཁ་འཁོར་ནས་དཀོན་མཆོག་ཡ་ཝཱེའི་རྗེས་སུ་མི་འབྲང་བ་དང་། ཡེས་ར་ཨེལ་གྱི་དཀོན་མཆོག་དང་འགལ་ཞིང་། རང་གི་དོན་དུ་མཆོད་ཁྲི་ཞིག་བརྩིགས་ནས་དཀོན་མཆོག་ཡ་ཝཱེ་ལ་ངོ་ལོག་བྱེད་པའི་སྡིག་ཉེས་དེ་ཅི་ཡིན་ནམ། 17 སྔོན་ཆད་ཕེ་ཨོར་ནས་བྱས་པའི་སྡིག་ཉེས་དེ་ད་དུང་ཆུང་བ་ཡིན་ནམ། དཀོན་མཆོག་ཡ་ཝཱེའི་ཚོགས་ལ་རིམས་ནད་བྱུང་བ་ཡིན་མོད། འོན་ཀྱང་ང་ཚོས་སྡིག་པ་དེ་ད་ལྟའི་བར་དུ་ད་དུང་སེལ་ཐུབ་མེད་དོ། ། 18 ཡིན་ནའང་དེ་རིང་ཁྱོད་རྣམས་ཁ་འཁོར་ནས་དཀོན་མཆོག་ཡ་ཝཱེའི་རྗེས་སུ་མི་འབྲང་བ་ཡིན་ནམ། ཁྱོད་རྣམས་ཀྱིས་དེ་རིང་དཀོན་མཆོག་ཡ་ཝཱེ་ལ་ངོ་ལོག་བྱས་ན། སང་ཉིན་ཁོང་ཉིད་ཡེས་ར་ཨེལ་གྱི་ཚོགས་མི་ཡོངས་ལ་ཐུགས་ཁྲོ་བར་འགྱུར། 19 ཁྱོད་རྣམས་ཀྱིས་རང་ལ་ས་སྐལ་དུ་ཐོབ་པའི་ཡུལ་དེ་མི་གཙང་བར་འདོད་ན། དཀོན་མཆོག་ཡ་ཝཱེའི་ཡུལ་ཏེ་ཁོང་གི་གུར་མཆོག་བཞུགས་སའི་གནས་སུ་ཚུར་འོངས་ནས། ང་ཚོའི་ཁྲོད་དུ་ས་སྐལ་བླངས་ཆོག ཡིན་ནའང་བདག་ཅག་གི་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲིའི་ཕན་ཆད་ནས་རང་ཉིད་ལ་མཆོད་ཁྲི་བརྩིགས་ཏེ། དཀོན་མཆོག་ཡ་ཝཱེ་ལ་ངོ་ལོག་བྱེད་མི་རུང་ལ། ངེད་རྣམས་ལའང་ངོ་ལོག་བྱེད་མི་རུང་། 20 སྔོན་ཆད་ཟེ་རག་གི་ཡང་ཚ་ཨ་ཀན་གྱིས་བསྔོ་བར་འོས་པའི་དངོས་པོ་ཐད་བློ་ལོག་པའི་སྡིག་ཉེས་བསགས་ཤིང་། ཡེས་ར་ཨེལ་གྱི་ཚོགས་མི་ཡོངས་ལ་ཐུགས་ཁྲོས་པ་མ་ཡིན་ནམ། ཁོས་བསགས་པའི་སྡིག་ཉེས་ཁྲོད་དུ་ཤི་བ་ནི་ཁོ་རང་འབའ་ཞིག་མ་ཡིན་ནོ་ཞེས་སྨྲའོ་ཞེས་སྨྲས། 21 དེ་ནས་རུ་བེན་པ་དང་གཱ་རྡུ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་མི་རྣམས་ཀྱིས་ཡེས་ར་ཨེལ་པའི་རུས་རྒྱུད་རྣམས་ཀྱི་འགོ་གཙོ་ལ་དེའི་ལན་དུ། 22 ཀུན་དབང་གི་དཀོན་མཆོག་ཡ་ཝཱེ། ཀུན་དབང་གི་དཀོན་མཆོག་ཡ་ཝཱེས་མཁྱེན་པ་དང་། ཡེས་ར་ཨེལ་པས་ཀྱང་ཤེས་ངེས་ཡིན་ཏེ། གལ་ཏེ་ངེད་རྣམས་ལ་ངོ་ལོག་གི་སེམས་ལྡན་པའམ་ཡང་ན་དཀོན་མཆོག་ཡ་ཝཱེ་དང་འགལ་བ་ཡིན་ན། ཁྱེད་ཀྱིས་དེ་རིང་ངེད་རྣམས་མི་བསྲུང་བར་ཤོག 23 གལ་ཏེ་རང་གི་དོན་དུ་མཆོད་ཁྲི་བརྩིགས་ཤིང་། ཁ་འཁོར་ནས་དཀོན་མཆོག་ཡ་ཝཱེའི་རྗེས་སུ་མི་འབྲང་བའམ་ཡང་ན་སྦྱིན་སྲེག་དང་འབྲུ་མཆོད། ཞི་བདེའི་མཆོད་པ་བཅས་མཆོད་ཁྲི་སྟེང་འབུལ་བའི་ཕྱིར་ཡིན་ན། དཀོན་མཆོག་ཡ་ཝཱེས་སྐུ་དངོས་སུ་ངེད་རྣམས་ཀྱི་སྡིག་པ་འདེད་པར་ཤོག 24 ངེད་ཅག་གིས་རྒྱུ་མཚན་གང་ཡང་མེད་པ་མ་ཡིན་པར་རྐང་བཙུགས་ནས་དེ་ལྟར་བྱས་པ་ཡིན་ཏེ། ཕྱིན་ཆད་ཁྱོད་རྣམས་ཀྱི་བུ་རྒྱུད་ཀྱིས་ངེད་ཅག་གི་བུ་རྒྱུད་ལ་འདི་ལྟར། ཁྱོད་རྣམས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་དང་འབྲེལ་བ་ཅི་ཞིག་ཡོད་དམ། 25 དཀོན་མཆོག་ཡ་ཝཱེས་ཡོར་དན་གཙང་པོ་ནི་ངེད་ཅག་དང་རུ་བེན་པ་དང་གཱ་རྡུ་པའི་ས་མཚམས་སུ་བཙུགས་པ་ཡིན་པས། ཁྱོད་རྣམས་ནི་དཀོན་མཆོག་ཡ་ཝཱེ་དང་འབྲེལ་བ་མེད་དོ་ཞེས་སྨྲ་བར་དོགས་པ་ཡིན་ནོ། །དེ་ལྟར་བྱས་ན་ཁྱོད་རྣམས་ཀྱི་བུ་རྒྱུད་ཀྱིས་ངེད་ཅག་གི་བུ་རྒྱུད་ལ་དཀོན་མཆོག་ཡ་ཝཱེར་གུས་ཤིང་འཇིགས་པར་མ་བྱས་པ་ཡིན། 26 དེའི་ཕྱིར་ངེད་རྣམས་ཀྱིས་འདི་ལྟར། རང་གི་དོན་དུ་མཆོད་ཁྲི་ཞིག་བརྩིག་པར་བྱ་ཞིང་། སྦྱིན་སྲེག་འབུལ་བའི་ཕྱིར་མ་ཡིན་ལ་དམར་མཆོད་འབུལ་བའི་ཕྱིར་དུ་ཡང་མ་ཡིན། 27 དེ་ནི་ཁྱོད་རྣམས་དང་ངེད་ཅག་གི་བར་དང་ཁྱོད་རྣམས་དང་ངེད་ཅག་གི་མི་རབས་རྗེས་མའི་བར་དུ་བདེན་དཔང་བྱེད་པའི་ཆེད་དུ་ཡིན་ཞིང་། དེ་ནས་ངེད་རྣམས་ཀྱིས་ཀྱང་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་སྦྱིན་སྲེག་དང་ཞི་བདེའི་མཆོད་པ། དམར་མཆོད་བཅས་ཕུལ་ནས་ཁོང་ལ་ཞབས་ཏོག་བསྒྲུབ་ཅིང་། ཁྱོད་རྣམས་ཀྱི་བུ་རྒྱུད་ཀྱིས་ཕྱིན་ཆད་ངེད་ཅག་གི་བུ་རྒྱུད་ལ་ཁྱོད་རྣམས་དཀོན་མཆོག་ཡ་ཝཱེ་དང་འབྲེལ་བ་མེད་ཅེས་སྨྲ་རྒྱུ་མེད་དོ་ཞེས་སྨྲས་པ་དང་། 28 ངེད་ཅག་གིས་འདི་ལྟར། ཕྱིན་ཆད་ཁྱོད་རྣམས་ཀྱིས་ངེད་ཅག་གམ་ཡང་ན་ངེད་ཅག་གི་བུ་རྒྱུད་ལ་འདི་ལྟར་སྨྲས་ན། ང་ཚོས་དེའི་ལན་དུ། ཁྱོད་རྣམས་ཀྱིས་ལྟོས་དང་། ངེད་ཅག་གི་མེས་པོ་རྣམས་ཀྱིས་བརྩིགས་པའི་མཆོད་ཁྲི་ནི་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲིའི་དབྱིབས་ཡིན་ཞིང་། འདི་ནི་སྦྱིན་སྲེག་འབུལ་བའི་ཕྱིར་མ་ཡིན་ལ་དམར་མཆོད་འབུལ་བའི་ཕྱིར་དུ་ཡང་མ་ཡིན་ཏེ། ཁྱོད་རྣམས་དང་ངེད་ཅག་བར་གྱི་བདེན་དཔང་གི་ཆེད་དུ་ཡིན་ནོ་ཞེས་སྨྲས་ཆོག་གོ་ཞེས་སྨྲས་པ་ཡིན། 29 ངེད་རྣམས་ཀྱིས་བདག་ཅག་གི་དཀོན་མཆོག་ཡ་ཝཱེའི་གུར་མཆོག་མདུན་གྱི་མཆོད་ཁྲིའི་ཕན་ཆད་ནས་སྦྱིན་སྲེག་དང་འབྲུ་མཆོད། དམར་མཆོད་བཅས་འབུལ་བའི་ཕྱིར་མཆོད་ཁྲི་གཞན་ཞིག་བརྩིགས་པ་དང་། དཀོན་མཆོག་ཡ་ཝཱེ་ལ་ངོ་ལོག་བྱས་ནས་དེ་རིང་ཁ་འཁོར་ཏེ་ཁོང་གི་རྗེས་སུ་མི་འབྲང་བའི་བསམ་ཚུལ་འདི་ལྟ་བུ་ནི་ངེད་རྣམས་ལ་གཏན་ནས་མེད་ཅེས་སྨྲས་སོ། ། 30 མཆོད་དཔོན་ཕི་ནེ་ཧེ་དང་ལྷན་ཅིག་ཏུ་ཡོད་པའི་འགོ་དཔོན་ཏེ། ཁོང་དང་མཉམ་དུ་འོངས་པའི་ཡེས་ར་ཨེལ་གྱི་འགོ་གཙོ་རྣམས་ཀྱིས་རུ་བེན་པ་དང་གཱ་རྡུ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་མི་རྣམས་ཀྱིས་སྨྲས་པའི་གཏམ་ཐོས་ནས་དགའ་བར་གྱུར་ཏོ། ། 31 མཆོད་དཔོན་ཨེ་ལི་ཨ་ཟར་གྱི་བུ་ཕི་ནེ་ཧེ་ཡིས་རུ་བེན་པ་དང་གཱ་རྡུ་པ། མཱ་ན་ཤེ་པ་བཅས་ལ། ཁྱོད་རྣམས་ཀྱིས་ཁོང་ལ་བློ་ལོག་པའི་སྡིག་ཉེས་འདི་མ་བསགས་པས། དེ་རིང་ང་ཚོས་དཀོན་མཆོག་ཡ་ཝཱེ་ནི་བདག་ཅག་གི་དཀྱིལ་དུ་བཞུགས་པ་ཤེས་སོ། །ད་ལྟ་ཁྱོད་རྣམས་ཀྱིས་ཡེས་ར་ཨེལ་པ་དཀོན་མཆོག་ཡ་ཝཱེའི་ཕྱག་ནས་བསྐྱབས་པ་ཡིན་ནོ་ཞེས་སྨྲས་སོ། ། 32 མཆོད་དཔོན་ཨེ་ལི་ཨ་ཟར་གྱི་བུ་ཕི་ནེ་ཧེ་དང་འགོ་དཔོན་རྣམས་རུ་བེན་པ་དང་གཱ་རྡུ་པ་རྣམས་དང་བྲལ་ནས། གིལ་ཨད་ཡུལ་ནས་ཀ་ན་ཨན་ཡུལ་དུ་ཕྱིར་ལོག་ཅིང་། ཡེས་ར་ཨེལ་པ་རྣམས་ཀྱི་རྩར་སླེབས་པ་དང་དོན་དེ་ཁོ་རྣམས་ལ་སྨྲས། 33 ཡེས་ར་ཨེལ་པ་རྣམས་དོན་དེའི་ཕྱིར་དགའ་བར་གྱུར་ནས་དཀོན་མཆོག་ལ་བསྟོད་བསྔགས་ཕུལ་ཞིང་། རུ་བེན་པ་དང་གཱ་རྡུ་པ་རྣམས་ལ་འཐབ་པ་དང་དེ་རྣམས་འཚོ་སྡོད་བྱེད་སའི་གནས་མེད་པར་གཏོང་བའི་ཕྱིར་ཡར་འགྲོ་བའི་གཏམ་ནི་གླེང་མ་མྱོང་ངོ་། ། 34 རུ་བེན་པ་དང་གཱ་རྡུ་པ་རྣམས་ཀྱིས་མཆོད་ཁྲིའི་མིང་ལ་དཔང་བོའི་མཆོད་ཁྲི་ཞེས་བཏགས་པ་སྟེ། མཆོད་ཁྲི་འདིས་ང་ཚོའི་བར་དུ་དཀོན་མཆོག་ཡ་ཝཱེ་ནི་དཀོན་མཆོག་ལགས་པར་བདེན་དཔང་བྱེད་དོ་ཞེས་པའི་དོན་ནོ། །