ལེའུ་ཉི་ཤུ་པ།
ཉེས་ཆད་གཅོད་པའི་ཁྲིམས།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 2 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར། ཡེས་ར་ཨེལ་པ་དང་ཡེས་ར་ཨེལ་གྱི་ཁྲོད་དུ་བྱེས་སུ་སྡོད་པའི་ཕྱི་མི་སུ་ཡིན་ཡང་། རང་གི་བུ་རྒྱུད་མོ་ལེག་ལ་མཆོད་པར་བྱེད་ན་དེ་ནི་གསོད་དགོས། ཡུལ་མི་རྣམས་ཀྱིས་རྡོ་རུབ་བཏང་ནས་གསོད་དགོས་པ་དང་། 3 མི་དེ་ལ་བདག་གི་གདོང་མདོག་ཀྱང་ལོག་སྟེ་ཁོ་རང་མི་མང་ཁྲོད་ནས་མེད་པར་གཏོང་བར་བྱ། གང་ལ་ཞེ་ན། ཁོས་རང་གི་བུ་རྒྱུད་མོ་ལེག་ལ་ཕུལ་ནས། བདག་གི་གནས་མཆོག་སྦགས་པ་དང་བདག་གི་མཚན་དམ་པ་ཁྱད་དུ་བསད་པའི་ཕྱིར་རོ། ། 4 གལ་སྲིད་མི་དེས་བུ་བུ་མོ་རྣམས་མོ་ལེག་ལ་ཕུལ་བ་དང་། ཡུལ་མི་རྣམས་ཀྱིས་དེ་མ་མཐོང་ཁུལ་བྱས་ཏེ་མི་དེ་མི་གསོད་ན། 5 མི་དེ་དང་དེའི་ཁྱིམ་མི་ལ་བདག་གི་གདོང་མདོག་ལོག་ཅིང་། མི་དེ་དང་དེའི་རྗེས་སུ་འབྲངས་ནས་མོ་ལེག་དང་ལོག་གཡེམ་བྱེད་པ་ཐམས་ཅད་མི་མང་ལས་མེད་པར་གཏོང་བར་བྱའོ། ། 6 མི་སུ་ཞིག་མོ་པ་དང་ལྷ་པ་རྣམས་ཀྱི་ཕྱོགས་སུ་འཁོར་བ་དང་། དེ་དག་གི་རྗེས་སུ་འབྲངས་ནས་ལོག་གཡེམ་བྱེད་པ་ཡིན་ན། མི་དེ་ལ་བདག་གི་གདོང་མདོག་ལོག་ཅིང་ཁོ་རང་མི་མང་ལས་མེད་པར་གཏོང་བར་བྱའོ། ། 7 ཁྱོད་ཅག་གིས་རང་ཉིད་དམ་པར་བྱོས་ལ་དམ་པར་སྒྱུར་ཅིག ཅི་ལ་ཞེ་ན། བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་པའི་ཕྱིར་རོ། ། 8 ཁྱོད་ཅག་གིས་བདག་གི་སྒྲིག་ཁྲིམས་བརྩི་སྲུང་བྱས་ནས་དེ་བཞིན་དུ་བྱོས་ཤིག བདག་ནི་ཁྱོད་ཅག་དམ་པར་བཟོ་བའི་དཀོན་མཆོག་ཡ་ཝཱེ་ཡིན། 9 གལ་ཏེ་རང་གི་ཕ་མ་ལ་དམོད་མོ་འདེབས་མཁན་ཡོད་ན་དེ་གསོད་དགོས། སུས་ཕ་མ་ལ་དམོད་མོ་གཏོང་ན། དེའི་སྟེང་ནས་ཁྲག་ལན་འཇལ་དགོས་སོ། ། 10 གཞན་གྱི་ཆུང་མ་སྟེ་རང་གི་ཁྱིམ་མཚེས་གྱི་ཆུང་མ་དང་ལོག་གཡེམ་བྱེད་མཁན་སུ་ཡིན་ཡང་། འཆལ་པོ་འཆལ་མོ་གཉིས་ཀ་གསོད་དགོས། 11 སུ་ཞིག་རང་གི་ཕ་ཡི་ཆུང་མ་དང་ལུས་འབྲེལ་བྱེད་པ་སྟེ། རང་གི་ཕ་ཡི་ཁོག་སྨད་གཅེར་བུར་འཕུད་པ་ཡིན་ན། དེ་གཉིས་ཀ་གསོད་དགོས་ལ། དེ་གཉིས་ཀའི་སྟེང་ནས་ཁྲག་ལན་འཇལ་དགོས་པ་ཡིན། 12 སུ་ཞིག་རང་གི་མནའ་མ་དང་ལུས་འབྲེལ་བྱེད་ན་དེ་གཉིས་ཀ་གསོད་དགོས། དེ་དག་གིས་གཉེན་ཚན་བར་འཁྲིག་པ་སྤྱད་པ་ཡིན་པས། ཁོ་ཚོའི་སྟེང་ནས་ཁྲག་ལན་འཇལ་དགོས། 13 སྐྱེས་པ་ཞིག་བུད་མེད་ལ་ལུས་འབྲེལ་བྱེད་པའི་ཚུལ་བཞིན་དུ་ཕོ་དང་ལུས་འབྲེལ་བྱས་ན། དེ་གཉིས་ཀྱིས་སྐྱུག་བྲོ་བའི་ལས་བྱས་པ་ཡིན་པས་གསོད་དགོས། དེ་དག་གི་སྟེང་ནས་ཁྲག་ལན་འཇལ་དགོས། 14 སྐྱེས་པ་ཞིག་གིས་ཆུང་མ་བླངས་པ་དང་། ཆུང་མའི་མ་ཡང་བླངས་ན་དེ་ནི་ལོག་སྤྱོད་ཡིན་པས། མི་དེ་གསུམ་པོ་མེ་ཡིས་བསྲེགས་ནས། ཁྱོད་ཚོའི་ཁྲོད་ནས་ལོག་སྤྱོད་མེད་པར་བཟོ་དགོས། 15 སུ་ཞིག་གིས་ཕྱུགས་ཟོག་རིགས་དང་འཁྲིག་པ་སྤྱད་ན་མི་དེ་གསོད་དགོས་ལ། ཕྱུགས་ཟོག་དེ་ཡང་གསོད་དགོས། 16 བུད་མེད་ཅིག་ཕྱུགས་ཟོག་རིགས་ཀྱི་ཉེ་སར་བཅར་ནས་དེ་དང་འཁྲིག་པ་སྤྱད་ན། ཁྱོད་ཀྱིས་བུད་མེད་དང་ཕྱུགས་ཟོག་གཉིས་ཀ་གསོད་དགོས། དེ་དག་ངེས་པར་གསོད་དགོས་ལ། དེ་དག་གི་སྟེང་ནས་ཁྲག་ལན་འཇལ་དགོས་པའོ། ། 17 སུ་ཞིག་གིས་རང་གི་ལྕམ་སྲིང་སྟེ། ཕ་ཡི་བུ་མོའམ་ཡང་ན་མ་ཡི་བུ་མོ་ཆུང་མར་བླངས་ཏེ། ཕན་ཚུན་གྱི་ཁོག་སྨད་མཐོང་བ་ཡིན་ན་དེ་ནི་ངོ་ཚ་དགོས་པའི་དོན་ཡིན་པས། དེ་གཉིས་ཀ་རང་གི་མི་རྣམས་ཀྱི་མཐོང་ངོར་རྩ་མེད་དུ་གཏོང་དགོས། དེས་རང་གི་ལྕམ་སྲིང་གི་ཁོག་སྨད་གཅེར་བུར་འཕུད་པ་ཡིན་པས་ཉེས་པ་འཁུར་དགོས་པའོ། ། 18 གལ་ཏེ་སུ་ཞིག་ཟླ་མཚན་འབབ་དུས་ཀྱི་བུད་མེད་དང་ལུས་འབྲེལ་བྱས་ནས། ཁོ་མོའི་ཁོག་སྨད་གཅེར་བུར་འཕུད་པ་དང་། ཁོ་མོའི་ཁྲག་ཁུངས་དམར་རྗེན་དུ་བཏོན་ཏེ། ཁོ་མོས་ཀྱང་རང་གི་ཁྲག་ཁུངས་མངོན་པ་ཡིན་ན། དེ་གཉིས་ཀ་རང་གི་མི་མང་ལས་མེད་པར་གཏོང་དགོས། 19 མ་ཡི་ལྕམ་སྲིང་དང་ཕ་ཡི་ལྕམ་སྲིང་གི་ཁོག་སྨད་གཅེར་བུར་འཕུད་མི་རུང་། དེ་ནི་རང་གི་གཉེན་ཉེ་གཅེར་བུར་འཕུད་པ་ཡིན་པས། ཁོ་ཚོས་རང་གི་ནག་ཉེས་འཁུར་དགོས་སོ། ། 20 གལ་ཏེ་སུ་ཞིག་ཁུ་བོའི་ཆུང་མ་དང་ལུས་འབྲེལ་བྱས་ན། དེ་ནི་རང་གི་ཁུ་བོའི་ཁོག་སྨད་གཅེར་བུར་འཕུད་པ་ཡིན་པས། དེ་ཚོས་རང་གི་སྡིག་པ་འཁུར་དགོས་ལ་བུ་ཕྲུག་མེད་པར་འཆི་ངེས་ཡིན། 21 ཡང་སུ་ཞིག་གིས་རང་གི་སྤུན་གྱི་ཆུང་མ་བླངས་ན་དེ་ནི་སྤུན་གྱི་ཁོག་སྨད་གཅེར་བུར་འཕུད་པ་ཡིན་ལ། དེ་ནི་འཆལ་སྤྱོད་ཡིན་པས་ཁོ་ཚོར་བུ་ཕྲུག་མེད་པར་འགྱུར་རོ། ། 22 ཁྱོད་ཚོས་བདག་གི་སྒྲིག་ཁྲིམས་དང་སྲོལ་ཡིག་ཐམས་ཅད་སྲུང་བརྩི་བྱས་ནས་དེ་བཞིན་བྱོས་ཤིག དེ་ནས་བདག་གིས་ཁྱོད་རྣམས་ཁྲིད་དེ་གནས་པར་འགྱུར་བའི་ཡུལ་དེས་ཁྱོད་ཅག་སྐྱུག་པར་མི་བྱའོ། ། 23 ཁྱོད་རྣམས་ནི་བདག་གིས་ཁྱོད་ཅག་གི་མདུན་ནས་བསྐྲད་པའི་མི་རྣམས་ཀྱི་ལུགས་སྲོལ་གྱི་རྗེས་སུ་འབྲང་མི་རུང་སྟེ། ཅི་ལ་ཞེ་ན། དེ་དག་གིས་དོན་མི་ལེགས་པ་དེ་ཐམས་ཅད་བྱས་པས་བདག་ནི་དེ་དག་ལ་ཞེན་པ་གཏིང་ནས་ལོག་ཡོད། 24 འོན་ཀྱང་བདག་གིས་ཁྱོད་ཚོ་ལ། དེ་དག་གི་ཡུལ་ནི་ཁྱོད་རྣམས་ཀྱིས་རྒྱུན་འཛིན་བྱེད་པ་དང་། བདག་གིས་འོ་མ་དང་སྦྲང་རྩི་བཞུར་བའི་ཡུལ་དེ་ཁྱོད་ཅག་ལ་བགོ་སྐལ་དུ་སྟེར་བར་བྱ་ཞེས་སྨྲས་ཡོད། བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་སྟེ། ཁྱོད་རྣམས་མི་ཐམས་ཅད་ལས་སོ་སོར་འགེར་མཁན་དེ་ཡིན་ནོ། ། 25 ཁྱོད་རྣམས་ཀྱིས་འདབ་ཆགས་དང་སེམས་ཅན་དུད་འགྲོ་གཙང་མི་གཙང་གི་དབྱེ་བ་འབྱེད་དགོས་པ་དང་། བདག་གིས་མི་གཙང་བར་སོ་སོར་ཕྱེས་པའི་འདབ་ཆགས་དང་སེམས་ཅན་དུད་འགྲོའམ། ཡང་ན་ས་སྟེང་གི་ལྟོ་འགྲོ་སྲོག་ཆགས་གང་དང་གང་གི་རྐྱེན་གྱིས་རང་ཉིད་སྐྱུག་བྲོ་བར་བཟོ་མི་རུང་། 26 ཡ་ཝཱེ་ང་རང་ནི་དམ་པ་ཡིན་པའི་ཕྱིར། ཁྱོད་ཀྱང་བདག་གི་ཆེད་དུ་དམ་པ་ཡིན་དགོས། བདག་གིས་ཁྱོད་ཅག་བདག་གི་ཡིན་པའི་རྐྱེན་གྱིས་མི་ཐམས་ཅད་ལས་སོ་སོར་བཀར་བ་ཡིན་ནོ། ། 27 ཡང་མོ་པ་དང་ལྷ་པ་ནི་སྐྱེས་ཕོ་མོ་སུ་ཡིན་ཡང་གསོད་དགོས་ལ། མི་ཡིས་རྡོ་རུབ་བཏང་སྟེ་གསོད་དགོས་པ་དང་། དེ་དག་གི་སྟེང་ནས་ཁྲག་ལན་འཇལ་དགོས་ཞེས་སྨྲོས་ཤིག་ཅེས་བཀའ་བསྩལ་ཏོ། །