ལེའུ་གསུམ་པ།
ཡེས་ར་ཨེལ་གྱི་འགོ་དཔོན་རྣམས་ལ་གཤེ་གཤེ་གཏོང་བ།
དེ་ནས་བདག་གིས་འདི་ལྟར། ཀྱེ་ཡ་ཀོབ་ཀྱི་འགོ་དཔོན་རྣམས་དང་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་ཁྲིམས་དཔོན་རྣམས། ཁྱོད་ཅག་གིས་ཉོན་ཅིག ཁྱོད་རྣམས་ཀྱིས་དྲང་བདེན་མི་རྟོགས་སམ། བཟང་པོར་སྡང་ཞིང་ངན་པར་དགའ་མཁན་དེ་ཁྱོད་རྣམས་ཡིན་ལ། བདག་གི་མི་སྡེའི་ལུས་ཀྱི་པགས་པ་བཤུ་ཞིང་། རུས་པ་ནས་ཤ་ཡང་གཞོག་གོ ། ཁྱོད་རྣམས་ཀྱིས་ངའི་མི་སྡེའི་ཤ་བཟའ་ཞིང་པགས་པ་བཤུ་བར་བྱེད་པ་དང་། དེ་དག་གི་རུས་པ་རྣམས་བཅག་ནས་ཁོག་མ་ནང་ལ་འཕེན་པའི་ཤ་ལོག་དང་། སྟ་རེ་ཁ་ཡི་ཤ་དང་འདྲ་བར་གཅོད་པ་ཡིན། ཆག་སྒོ་ཐེབས་པའི་ཉིན་མོར་དེ་དག་གིས་དཀོན་མཆོག་ཡ་ཝཱེར་ཞུས་ཀྱང་ཁོང་གིས་དེ་རྣམས་ལ་གསན་པར་མི་བྱེད། དེའི་དུས་སུ། ཁོ་རྣམས་ཀྱིས་སྤྱོད་ངན་སྤྱད་པའི་རྐྱེན་གྱིས་ཁོང་གིས་དེ་རྣམས་ལ་ཞལ་རས་མི་སྟོན་ནོ། ། ངའི་མི་སྡེ་ལམ་ནོར་ལ་འཇུག་པའི་ལུང་སྟོན་པ་སྟེ། ཁ་ལ་ཟས་རེག་ན་ཞི་བདེ་སྒྲོག་ཅིང་། སུ་ཞིག་གིས་ཁ་ཟས་མི་སྟེར་ན་རྒོལ་བར་རྩོམ་པའི་ལུང་སྟོན་པ་རྣམས་ཀྱི་སྐོར་ལ་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དེའི་ཕྱིར་ཁྱོད་རྣམས་མཚན་མོར་འཕྲད་པ་དང་ཞལ་གཟིགས་མི་མཐོང་ལ། མུན་ནག་ལ་འཕྲད་ཅིང་མོ་ཡང་འདེབས་མི་ནུས། ཡང་ཉི་མ་ནི་ལུང་སྟོན་པ་ལ་ནུབ་པར་འགྱུར་ལ། ཉིན་མོ་ཡང་མུན་ནག་ཏུ་འགྱུར་རོ། ། ལུང་སྟོན་པ་རྣམས་གནོང་ཞིང་མོ་པ་རྣམས་ངོ་ཚ་བར་འགྱུར་ལ། དཀོན་མཆོག་གིས་ཁོ་རྣམས་ལ་བཀའ་ལན་མ་གནང་བས་ན་དེ་ཐམས་ཅད་ཀྱིས་རང་གི་ཁ་བཏུམ་པར་བྱ། དེ་ཡང་བདག་ལ་མཚོན་ན། བདག་ནི་དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་ལ་བརྟེན་ནས་ནུས་མཐུ་དང་དྲང་བདེན། སྤོབས་པ་བཅས་ཀྱིས་ཕྱུག་ཅིང་། ཡ་ཀོབ་ལ་དེའི་ཉེས་སྐྱོན་དང་། ཡེས་ར་ཨེལ་ལ་དེའི་སྡིག་པ་སྟོན་ནུས་སོ། ། ཀྱེ་ཡ་ཀོབ་ཁྱིམ་རྒྱུད་ཀྱི་འགོ་དཔོན་རྣམས་ཀྱིས་འདི་ལ་ཉོན་ཅིག ཀྱེ་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་ཁྲིམས་དཔོན་རྣམས་ཀྱིས་ཀྱང་མཉན་དགོས་ཏེ། ཁྱོད་རྣམས་ནི་དྲང་བདེན་ལ་སྡང་ཞིང་། དྲང་བདེན་ཐམས་ཅད་ལོག་པར་སྒྲུབ་པ་དང་། 10 ཁྲག་གིས་ཛ་ཡན་བཙུགས་པ་དང་། སྡིག་པ་ཡིས་ཡེ་རུ་སཱ་ལེམ་བཞེངས། 11 དེ་དག་གི་འགོ་དཔོན་རྣམས་ཀྱིས་རྔན་པའི་ཕྱིར་གཤགས་བྱེད་ཅིང་། མཆོད་དཔོན་རྣམས་ཀྱིས་གླུ་ལེན་པའི་ཕྱིར་སློབ་སྟོན་གནང་བ་དང་། ལུང་སྟོན་པ་རྣམས་ཀྱིས་དངུལ་གྱི་ཕྱིར་མོ་འདེབས་ནའང་། དེ་དག་གིས་དཀོན་མཆོག་ཡ་ཝཱེ་ལ་བརྟེན་ནས་འདི་ལྟར། དཀོན་མཆོག་ཡ་ཝཱེ་རང་ཅག་གི་དཀྱིལ་དུ་བཞུགས་པ་མིན་ནམ། རང་ཅག་གི་སྟེང་དུ་ཆག་སྒོ་གང་ཡང་འབྱུང་མི་སྲིད་ཅེས་ཟེར་རོ། ། 12 དེ་བས་ན་ཁྱོད་ཅག་གི་རྐྱེན་གྱིས་ཛ་ཡན་ནི་ཞིང་ལྟར་སློག་པ་དང་། ཡེ་རུ་སཱ་ལེམ་ནི་གྱང་རོ་དང་། མཆོད་ཁང་གི་རི་བོ་ནི་ནགས་ཀྱི་གནས་མཐོ་ས་རྣམས་དང་འདྲ་བར་འགྱུར་རོ། །