ལེའུ་གཉིས་པ།
ནིན་ཝེ་ལ་ཉེས་ཆད་གཅོད་པ།
1 ཀྱེ་ནིན་ཝེ། ཡུལ་ཁམས་གཏོར་མཁན་ཡར་འོངས་ནས་ཁྱོད་ལ་རྒོལ་བར་འགྱུར་བས། ཁྱོད་ཀྱིས་བཙན་རྫོང་བརྟན་པོར་སྲུངས་ཤིག གཟབ་གཟབ་ངང་ལམ་བཀག་ནས་ཁྱོད་ཀྱི་རྐེད་རགས་དམ་པོར་བཅིངས་ཏེ་སྟོབས་ཤུགས་ཆེ་རུ་སྐྱེད་ཅིག 2 ཡིན་ཡང་། ཡེས་ར་ཨེལ་གྱི་གཟི་དཔལ་བཞིན་དུ། དཀོན་མཆོག་ཡ་ཝཱེས་ཡ་ཀོབ་ཀྱི་གཟི་དཔལ་ཡང་བསྐྱར་གསོ་བར་མཛད་དེ། ཅི་ལ་ཞེ་ན། འཕྲོག་བཅོམ་བྱེད་མཁན་རྣམས་ཀྱིས་སྔར་དེ་དག་བཅོམ་ནས་སྟོངས་པར་བྱས་ཏེ། དེ་དག་གི་རྒུན་འབྲུམ་ཤིང་གི་ཡལ་ག་རྣམས་ཀྱང་བརླགས་པས་སོ། །
3 དེའི་དཔའ་བོ་རྣམས་ཀྱི་ཕུབ་ནི་དམར་པོ་ཡིན་ཞིང་། དམག་མི་རྣམས་ཀྱིས་གྱོན་གོས་མཚལ་མདོག་གྱོན། དེས་ཕར་རྒོལ་བར་གྲ་སྒྲིག་བྱེད་པའི་དུས་སུ། ཤིང་རྟའི་རྣོ་ལྕགས་རྣམས་མེ་ལྟར་འོད་ཆེམ་ཆེམ་བྱེད་ཅིང་། རྟ་དམག་རྣམས་མགྱོགས་མྱུར་ངང་རྒྱུག་བཞིན་འདུག 4 ཤིང་རྟ་རྣམས་ནི་སྲང་ལམ་དུ་ཧར་རྒྱུག་བྱེད་ཅིང་། ཐང་ཆེན་དུ་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། དེ་དག་ལ་བལྟས་ཚེ་དཔལ་འབར་དང་མཚུངས་ལ། རྒྱུག་དུས་སུ་གློག་འཁྱུག་པ་དང་འདྲའོ། ། 5 དེ་ནས་ཨ་སུར་རྒྱལ་པོས་ཁོང་གི་བློན་ཆེན་རྣམས་བསྡུས་པ་ན། དེ་དག་འཁྱར་འཁྱོར་དུ་འོངས་ཤིང་། བྲེལ་འཚུབ་ཆེན་པོས་མཁར་གྱི་སྟེང་དུ་འཛེགས་ཏེ། འགེབས་སྲུང་ཡོ་ཆས་ཡར་བསྒྲེངས་པའོ། ། 6 ཆུ་འགག་ཐམས་ཅད་ཕྱེས་པ་དང་། ཕོ་བྲང་ཡང་བསྣུབས་པར་གྱུར། 7 འདི་ལྟར་ཐུགས་ཐག་བཅད་ཟིན་པས་རྒྱལ་མོ་གཅེར་བུར་བཙོན་དུ་ཁྲིད་པ་དང་། ཕོ་བྲང་གི་ཞལ་ཏ་མ་རྣམས་ངུ་བའི་སྒྲ་ནི་ཕུག་རོན་བཞིན་ཡིན་ལ། མི་རེ་རེས་བྲང་ཁོག་རྡུང་བཞིན་ངུ་ཤུབ་བརྒྱབ་ཏོ། ། 8 གནའ་ནས་བཟུང་སྟེ་ནིན་ཝེ་ནི་ཆུ་རྫིང་ཞིག་དང་འདྲ་བར་གནས་ཀྱང་། ད་ནི་མི་རྣམས་ཕྱོགས་བཞིར་འབྲོའོ། །མི་རྣམས་ཀྱིས་སྐད་བརྒྱབ་སྟེ་མཚམས་ཞོག མཚམས་ཞོག་ཅེས་སྨྲས་ཀྱང་ཕྱིར་ལོག་མཁན་མ་བྱུང་ངོ་། ། 9 ཁྱོད་རྣམས་ཀྱིས་གསེར་དང་དངུལ་རྣམས་ཕྲོགས་ཤིག བསགས་དངུལ་རྫོགས་མཐའ་མེད་པ་དང་། མཛེས་སྡུག་ལྡན་པའི་ནོར་རྫས་རྩ་ཆེན་བགྲང་ལས་འདས་པ་ཡིན། 10 ད་ལྟ་སྟོང་བར་ལུས་ཤིང་དབེན་སྟོང་དུ་གྱུར་ནས་གཅིག་ཀྱང་ལུས་མེད་ལ། མི་སེམས་དཔའ་ཞུམ་པ་དང་པུས་མོ་གཉིས་འདར་ཏེ། རྐེད་པ་ཡོངས་ལ་ཟུག་གཟེར་ལངས་ནས་ངོ་མདངས་ཐམས་ཅད་སྐྱ་བོར་གྱུར་པའོ། །
11 སེང་གེའི་བྲག་ཕུག་གང་དུ་ཡོད་དམ། སེང་གེ་དར་མ་གསོ་བའི་གནས་གང་དུ་ཡོད་དམ། ཕོ་སེང་དང་མོ་སེང་། སེང་ཕྲུག་རྣམས་འཇིགས་སྐྲག་མེད་པར་ལྷོད་ལྷོད་བྱས་ནས་བསྡད་ཆོག་པའི་གནས་གང་དུ་ཡོད་དམ། 12 ཕོ་སེང་གིས་སེང་ཕྲུག་གི་ཕྱིར་དུ་ཁ་ཟས་འདང་ངེས་ཕྲལ་བ་དང་། མོ་སེང་གི་ཆེད་དུ་གསོན་པོ་རྣམས་མིད་པ་དགག་ནས་བསད་དེ། རང་གི་བྲག་ཕུག་རི་དྭགས་ཀྱི་ཤ་ཡིས་གང་བ་དང་། ཤ་པགས་ཕྲལ་བ་དེས་དོང་ཡང་བཀང་བར་བྱས། 13 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ངས་ཁྱོད་ལ་རྒོལ་བར་འགྱུར་ཞིང་། ངས་ཁྱོད་ཀྱི་ཤིང་རྟ་རྣམས་བསྲེགས་ནས་དུ་བར་བསྒྱུར་ལ། རལ་གྲི་ཡིས་ཁྱོད་ཀྱི་སེང་གེ་དར་མ་རྣམས་ཁྱུར་མིད་གཏོང་བ་དང་། ངས་ས་ནས་ཁྱོད་ཀྱི་གསོད་བྱ་རྣམས་མེད་པར་བཟོ་ཞིང་། ཁྱོད་ཀྱི་ཕོ་ཉའི་སྒྲ་ཡང་མི་ཡིས་ཡང་བསྐྱར་ཐོས་པར་མི་འགྱུར་རོ་ཞེས་གསུངས་སོ། །