ལེའུ་བཞི་པ།
ཀོ་ཧད་པའི་ལས་འགན།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། 2 ཁྱོད་ཀྱིས་ལེ་ཝི་པ་རྣམས་ལས་ཀོ་ཧད་ཀྱི་བུ་རྒྱུད་རྣམས་ཀྱི་བསྡོམས་གྲངས་ནི། དེ་དག་གི་ཁྱིམ་རྒྱུད་དང་ཕ་ཁྱིམ་བཞིན་དུ། 3 ལོ་སུམ་ཅུ་ནས་ལོ་ལྔ་བཅུ་བར་གྱི་ལས་འགན་ཁུར་ནས་མཇལ་འཕྲད་གུར་མཆོག་ནང་དུ་ཞབས་ཕྱི་སྒྲུབ་མཁན་ཐམས་ཅད་ཐོ་བརྒྱག་དགོས། 4 རྫས་དམ་མཆོག་རྣམས་ལ་བདག་གཉེར་བྱ་རྒྱུ་ནི་ཀོ་ཧད་ཀྱི་བུ་རྒྱུད་རྣམས་ཀྱི་མཇལ་འཕྲད་གུར་མཆོག་ནང་གི་ལས་ཀ་ཡིན་ལ། 5 སྒར་ཆས་པའི་ཚེ་ན། ཨ་རོན་དང་དེའི་བུ་རྣམས་ནང་དུ་སོང་ནས་གནས་དམ་མཆོག་གཡོག་བྱེད་ཀྱི་ཡོལ་བ་མར་བླངས་ཏེ། ཡོལ་བ་དེས་དཔང་མཛད་ཤུར་སྒམ་གཡོག་དགོས། 6 ཡང་ཀོ་བ་སྤུས་ལེགས་ཀྱི་པགས་ཁེབས་ཀྱིས་དེ་གཡོག་པ་དང་། དེའི་སྟེང་དུ་རས་སྔོ་རྐྱང་བཏིངས་རྗེས་རྒྱུག་ཤིང་རྣམས་བརྒྱུ་དགོས། 7 སྤྱན་བསྟར་བག་ལེབ་ཀྱི་སྒྲོག་ཙེའི་སྟེང་དུ་དེ་དག་གིས་རས་སྔོན་པོ་འདིང་དགོས་པ་དང་། དེའི་སྟེང་དུ་གཞོང་པ་དང་སྡེར་མ། སྐྱེམས་མཆོད་འབུལ་བྱེད་ཨུ་ལུ་དང་བུམ་པ་བཅས་བཤམ་དགོས་ལ། ཆད་མེད་བག་ལེབ་ཀྱང་དེའི་སྟེང་དུ་ངེས་པར་ཡོད་དགོས་སོ། ། 8 དངོས་པོ་དེ་དག་གི་སྟེང་དུ། རས་མཚལ་མདོག་བཏིངས་ནས་ཀོ་བ་སྤུས་ལེགས་ཀྱི་པགས་ཁེབས་ཀྱིས་གཡོགས་རྗེས་རྒྱུག་ཤིང་རྣམས་བརྒྱུ་དགོས་སོ། ། 9 དེ་ནས་རས་སྔོན་པོ་བླངས་ཏེ་འོད་ཀྱི་ཕྱིར་ཡིན་པའི་སྒྲོན་སྟེགས་དང་དེའི་སྟེང་གི་སྒྲོན་མེ་དང་། སྡོང་རས་གཅོད་བྱེད་སྐམ་ཆུང་དང་མེ་ཕོར། སྣུམ་ལྡུག་སྤྱད་ཡོ་བྱད་ཐམས་ཅད་རས་ཀྱིས་གཡོག་པ་དང་། 10 ཡང་སྒྲོན་སྟེགས་དང་དེའི་ཡོ་བྱད་ཐམས་ཅད་ཀོ་བ་སྤུས་ལེགས་ཀྱི་པགས་པས་བཏུམས་ནས་གདང་གི་སྟེང་དུ་འཇོག་དགོས། 11 གསེར་གྱི་མཆོད་ཁྲིའི་སྟེང་དུ་རས་སྔོན་པོ་བཏིངས་ནས་ཀོ་བ་སྤུས་ལེགས་ཀྱི་པགས་པས་གཡོགས་རྗེས། རྒྱུག་ཤིང་རྣམས་བརྒྱུ་དགོས་སོ། ། 12 ཡང་གནས་མཆོག་ཏུ་ཞབས་ཕྱི་སྒྲུབ་སྤྱད་ཀྱི་ཡོ་བྱད་ཐམས་ཅད་རས་སྔོན་པོས་བཏུམས་ནས་ཀོ་བ་སྤུས་ལེགས་ཀྱི་པགས་ཁེབས་ཀྱིས་གཡོགས་རྗེས། གདང་གི་སྟེང་དུ་འཇོག་དགོས། 13 དེ་ནས་མཆོད་ཁྲིའི་སྟེང་གི་ཐལ་བ་ཁྱེར་ནས་དེའི་སྟེང་དུ་རས་རྒྱ་སྨུག་འདིང་བ་དང་། 14 ཡང་མཆོད་ཁྲིའི་སྟེང་ཞབས་ཕྱི་སྒྲུབ་སྤྱད་ཀྱི་ཡོ་བྱད་ཐམས་ཅད་དེ། མེ་ཕོར་དང་ཤ་འཛིན་ཁ་དབྲག མེ་ཁྱེམ། མཆོད་སྡེར་བཅས་ནི་དེའི་སྟེང་དུ་བཤམ་དགོས་ཤིང་། དེའི་སྟེང་དུ་ཀོ་བ་སྤུས་ལེགས་ཀྱི་པགས་ཁེབས་ཀྱིས་གཡོགས་རྗེས། རྒྱུག་ཤིང་རྣམས་བརྒྱུ་དགོས་སོ། ། 15 སྒར་ཡོངས་སུ་ཆས་པའི་ཚེ་ན། ཨ་རོན་དང་དེའི་བུ་རྣམས་ཀྱིས་གནས་མཆོག་དང་དེའི་ཡོ་བྱད་ཐམས་ཅད་གཡོགས་ཟིན་པའི་རྗེས་སུ། ཀོ་ཧད་ཀྱི་བུ་རྒྱུད་རྣམས་འོངས་ནས་འཁུར་དགོས། འོན་ཀྱང་། ཁོ་རྣམས་འཆི་བར་མི་འགྱུར་བའི་ཕྱིར་དུ་རྫས་དམ་པ་དེ་རྣམས་ལ་རེག་མི་རུང་། མཇལ་འཕྲད་གུར་མཆོག་ནང་གི་རྫས་དེ་དག་ནི་ཀོ་ཧད་ཀྱི་བུ་རྒྱུད་རྣམས་ཀྱིས་འཁུར་དགོས་པ་ཡིན། 16 མཆོད་དཔོན་ཨ་རོན་གྱི་བུ་ཨེ་ལི་ཨ་ཟར་གྱི་ལས་འགན་ནི་འདི་ལྟ་སྟེ། སྒྲོན་མེའི་སྣུམ་དང་དྲི་ཞིམ་བདུག་སྤོས། དུས་རྒྱུན་གྱི་འབྲུ་རིགས་ཀྱི་མཆོད་པ་དང་། འབྱུག་སྣུམ་བཅས་དང་། གུར་མཆོག་ཧྲིལ་པོ་དང་དེའི་ནང་དུ་ཡོད་པ་ཐམས་ཅད་དང་། གནས་མཆོག་དང་དེའི་ཡོ་བྱད་རྣམས་ལ་བདག་གཉེར་བྱ་རྒྱུ་དེའོ་ཞེས་བཀའ་བསྩལ་ཏོ། །
17 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། 18 ཁྱོད་ཅག་གིས་ཀོ་ཧད་པའི་ཁྱིམ་རྒྱུད་ཀྱི་ཚོ་པ་ཁག་ནི་ལེ་ཝི་པའི་ཁྲོད་ནས་མེད་པར་གཏོང་མི་རུང་། 19 དེ་རྣམས་རྫས་དམ་མཆོག་རྣམས་ཀྱི་དྲུང་དུ་ཉེ་བར་འོང་ཚེ། ཨ་རོན་དང་དེའི་བུ་རྣམས་ནང་དུ་སོང་ནས། དེ་དག་རེ་རེའི་བསྒྲུབ་དགོས་པ་དང་འཁུར་དགོས་པའི་ལས་དོན་གཏན་ཁེལ་བྱེད་དགོས། དེ་དག་འཆི་བར་མི་འགྱུར་ཞིང་གསོན་པོར་གནས་པའི་ཆེད་དུ། དེ་དག་ལ་འདི་ལྟར་བྱེད་དགོས། 20 འོན་ཀྱང་དེ་དག་ཡུད་ཙམ་ལའང་ནང་དུ་སོང་སྟེ་རྫས་དམ་པར་བལྟ་མི་རུང་། བལྟས་ན་ཁོ་རྣམས་འཆི་བར་འགྱུར་ཞེས་བཀའ་བསྩལ་ཏོ། །
གེར་ཤོན་གྱི་བུ་རྒྱུད་རྣམས་ཀྱི་ལས་འགན།
21 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 22 ཁྱོད་ཀྱིས་གེར་ཤོན་གྱི་བུ་རྒྱུད་རྣམས་ཀྱི་བསྡོམས་གྲངས་ཀྱང་ཐོ་བརྒྱག་དགོས་ཏེ། དེ་དག་གི་ཕ་ཁྱིམ་དང་ཁྱིམ་རྒྱུད་བཞིན་དུ། 23 ལོ་སུམ་ཅུ་ནས་ལྔ་བཅུ་བར་གྱི་ལས་འགན་ཁུར་ནས་མཇལ་འཕྲད་གུར་མཆོག་ནང་དུ་ཞབས་ཕྱི་སྒྲུབ་མཁན་ཐམས་ཅད་རྩིས་ལེན་དགོས་སོ། ། 24 གེར་ཤོན་པའི་ཁྱིམ་རྒྱུད་རྣམས་ཀྱིས་བསྒྲུབ་བྱའི་དོན་དང་འཁུར་བྱའི་དངོས་པོ་ནི་འདི་ལྟ་སྟེ། 25 དེ་དག་གིས་གུར་མཆོག་གི་ཡོལ་བ་དག་དང་། མཇལ་འཕྲད་གུར་མཆོག་དང་དེའི་ཐོག་ཁེབས། ཡང་དེའི་སྟེང་ལ་གཡོགས་པའི་ཀོ་བ་སྤུས་ལེགས་ཀྱི་པགས་ཁེབས་དང་མཇལ་འཕྲད་གུར་མཆོག་གི་སྒོ་ཡོལ། 26 ཁྱམས་ཡོལ་རྣམས་དང་། གུར་མཆོག་དང་མཆོད་ཁྲི་བསྐོར་བའི་ཁྱམས་རའི་སྒོ་ཡོལ་དང་། ཆོན་ཐག་རྣམས་དང་ཞབས་ཕྱི་སྒྲུབ་སྤྱད་ཡོ་བྱད་ཐམས་ཅད་འཁུར་དགོས་པ་དང་། ཡོ་བྱད་དེ་དག་དང་འབྲེལ་བ་ཐམས་ཅད་ཁོ་རྣམས་ཀྱིས་བསྒྲུབ་དགོས་སོ། ། 27 གེར་ཤོན་གྱི་བུ་རྒྱུད་རྣམས་ཀྱི་འགན་འཁུར་ཏེ། ཁོ་རྣམས་ཀྱིས་བསྒྲུབ་དགོས་པ་དང་འཁུར་དགོས་པའི་དོན་ཐམས་ཅད་ནི་ཨ་རོན་དང་དེའི་བུ་རྣམས་ཀྱིས་སྨྲས་པ་བཞིན་དུ་བྱེད་དགོས། དེ་དག་གིས་ཅི་འཁུར་དགོས་པའི་ལས་འགན་ཐམས་ཅད་ཁྱོད་ཀྱིས་སྤྲོད་དགོས་སོ། ། 28 འདི་ནི་གེར་ཤོན་གྱི་བུ་རྒྱུད་རྣམས་ཀྱིས་མཇལ་འཕྲད་གུར་མཆོག་ནང་དུ་བསྒྲུབ་དགོས་པའི་ཞབས་ཕྱི་ཡིན་ཏེ། དེ་དག་གི་ལས་འགན་ནི་མཆོད་དཔོན་ཨ་རོན་གྱི་བུ་ཨི་ཐ་མཱར་གྱི་དབང་འོག་ཏུ་ཡོད་པའོ། །
མཱ་རཱ་རེའེ་ཡི་བུ་རྒྱུད་རྣམས་ཀྱི་ལས་འགན།
29 མཱ་རཱ་རེའེ་ཡི་བུ་རྒྱུད་རྣམས་ཀྱང་ཁྱོད་ཀྱིས་དེ་དག་གི་རུས་རྒྱུད་དང་ཁྱིམ་རྒྱུད་བཞིན་དུ་རྩིས་ལེན་དགོས་ཤིང་། 30 ལོ་སུམ་ཅུ་ནས་ལོ་ལྔ་བཅུ་བར་གྱི་ལས་འགན་ཁུར་ནས་མཇལ་འཕྲད་གུར་མཆོག་ནང་དུ་ཞབས་ཕྱི་སྒྲུབ་མཁན་ཐམས་ཅད་རྩིས་ལེན་དགོས། 31 དེ་དག་གི་མཇལ་འཕྲད་གུར་མཆོག་ནང་གི་ཞབས་ཕྱི་ཐམས་ཅད་དང་ལས་འགན་ཆ་ཚང་སྟེ། གུར་མཆོག་གི་པང་ལེབ་དང་འཕྲེད་རྒྱུག་དང་། ཀ་བ་དང་། ཞབས་ར་དང་། 32 ཁྱམས་ར་མཐའ་འཁོར་གྱི་ཀ་བ་དང་། ཞབས་ར་དང་། ཕུར་བ་དང་། ཆོན་ཐག་དང་། དེ་ལ་གཏོགས་པའི་ལག་ཆ་དང་སྤྱོད་ཆས་ཐམས་ཅད་འཁུར་དགོས་པ་དང་། དེ་དག་གིས་འཁུར་དགོས་པའི་ཡོ་བྱད་རྣམས་ནི་མིང་གིས་བཟུང་ནས་རེ་རེ་བཞིན་གཏན་ཁེལ་བྱེད་དགོས་སོ། ། 33 འདི་ནི་མཱ་རཱ་རེའེ་ཡི་བུ་རྒྱུད་རྣམས་ཀྱི་ཁྱིམ་རྒྱུད་ཀྱིས་མཇལ་འཕྲད་གུར་མཆོག་ནང་དུ་བསྒྲུབ་དགོས་པའི་ཞབས་ཕྱི་ཐམས་ཅད་ཡིན་ལ། མཆོད་དཔོན་ཨ་རོན་གྱི་བུ་ཨི་ཐ་མཱར་གྱི་དབང་འོག་ཏུ་ཡོད་པའོ་ཞེས་བཀའ་བསྩལ་ཏོ། །
ལེ་ཝི་ཚོ་པའི་མི་གྲངས་རྩིས་བླངས་པ།
34 མོ་ཤེ་དང་ཨ་རོན་དང་ཚོགས་པའི་འགོ་དཔོན་རྣམས་ཀྱིས་ཀོ་ཧད་ཀྱི་བུ་རྒྱུད་རྣམས་ཀྱི་གྲངས་ཀ་ནི་དེ་དག་གི་རུས་རྒྱུད་དང་ཕ་ཁྱིམ་བཞིན་དུ། 35 ལོ་སུམ་ཅུ་ནས་ལོ་ལྔ་བཅུ་བར་གྱི་ལས་འགན་ཁུར་ནས་མཇལ་འཕྲད་གུར་མཆོག་ནང་དུ་ཞབས་ཕྱི་སྒྲུབ་མཁན་ཐམས་ཅད་རྩིས་བླངས་སོ། ། 36 དེ་དག་རུས་རྒྱུད་བཞིན་རྩིས་བླངས་པའི་བསྡོམས་གྲངས་ནི་ཉིས་སྟོང་བདུན་བརྒྱ་ལྔ་བཅུའོ། ། 37 འདི་ནི་ཀོ་ཧད་པའི་ཁྱིམ་རྒྱུད་ལས་རྩིས་བླངས་པའི་མི་གྲངས་ཡིན་ལ། མཇལ་འཕྲད་གུར་མཆོག་ནང་དུ་ཞབས་ཕྱི་བྱེད་མཁན་ཐམས་ཅད་ཡིན་པ་དང་། མོ་ཤེ་དང་ཨ་རོན་གཉིས་ཀྱིས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བསྩལ་པའི་བཀའ་བཞིན་དུ་རྩིས་བླངས་པ་ཡིན་ནོ། །
38 གེར་ཤོན་གྱི་བུ་རྒྱུད་རྣམས་ལས་དེ་དག་གི་རུས་རྒྱུད་དང་ཕ་ཁྱིམ་བཞིན་དུ་རྩིས་བླངས་པ་སྟེ། 39 ལོ་སུམ་ཅུ་ནས་ལོ་ལྔ་བཅུ་བར་གྱི་ལས་འགན་ཁུར་ནས་མཇལ་འཕྲད་གུར་མཆོག་ནང་དུ་ཞབས་ཕྱི་སྒྲུབ་མཁན་ནི། 40 དེ་དག་གི་རུས་རྒྱུད་དང་ཕ་ཁྱིམ་བཞིན་དུ་རྩིས་བླངས་པའི་མི་གྲངས་ཉིས་སྟོང་དྲུག་བརྒྱ་སུམ་ཅུའོ། ། 41 དེ་དག་ནི་གེར་ཤོན་གྱི་བུ་རྒྱུད་རྣམས་ཀྱི་ཁྱིམ་རྒྱུད་ལས་རྩིས་བླངས་པའི་མི་གྲངས་ཡིན་ལ། མཇལ་འཕྲད་གུར་མཆོག་ནང་དུ་ཞབས་ཕྱི་བྱེད་མཁན་ཐམས་ཅད་ཡིན་པ་དང་། མོ་ཤེ་དང་ཨ་རོན་གཉིས་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ་རྩིས་བླངས་པ་ཡིན་ནོ། །
42 མཱ་རཱ་རེའེ་ཡི་བུ་རྒྱུད་རྣམས་ལས་དེ་དག་གི་རུས་རྒྱུད་དང་ཕ་ཁྱིམ་བཞིན་དུ། 43 ལོ་སུམ་ཅུ་ནས་ལོ་ལྔ་བཅུ་བར་གྱི་ལས་འགན་ཁུར་ནས་མཇལ་འཕྲད་གུར་མཆོག་ནང་དུ་ཞབས་ཕྱི་སྒྲུབ་མཁན་ཐམས་ཅད་རྩིས་བླངས་པ་དང་། 44 རུས་རྒྱུད་བཞིན་དུ་རྩིས་བླངས་པ་བསྡོམས་པས་སུམ་སྟོང་ཉིས་བརྒྱའོ། ། 45 དེ་དག་ནི་མཱ་རཱ་རེའེ་ཡི་བུ་རྒྱུད་རྣམས་ཀྱི་ཁྱིམ་རྒྱུད་ལས་རྩིས་བླངས་པའི་མི་གྲངས་ཡིན་ཏེ། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བསྩལ་པའི་བཀའ་བཞིན་དུ། མོ་ཤེ་དང་ཨ་རོན་གཉིས་ཀྱིས་རྩིས་བླངས་པ་ཡིན་ནོ། །
46 མོ་ཤེ་དང་ཨ་རོན་དང་། ཡེས་ར་ཨེལ་གྱི་འགོ་དཔོན་རྣམས་ཀྱིས་ལེ་ཝི་པ་རྣམས་དེ་དག་གི་རུས་རྒྱུད་དང་ཁྱིམ་རྒྱུད་བཞིན་དུ་རྩིས་བླངས་པ་ནི། 47 ལོ་སུམ་ཅུ་ནས་ལོ་ལྔ་བཅུ་བར་གྱི་ལས་འགན་ཁུར་ནས་མཇལ་འཕྲད་གུར་མཆོག་ནང་དུ་འཁྱེར་མཁན་རྣམས་ཏེ། 48 དེ་དག་གི་གྲངས་ཀ་ནི་བསྡོམས་པས་བརྒྱད་སྟོང་ལྔ་བརྒྱ་བརྒྱད་ཅུའོ། ། 49 དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་ནས་བསྩལ་པའི་བཀའ་བཞིན་དུ་དེ་དག་རྩིས་བླངས་པའོ། །མོ་ཤེ་ཡིས་མི་རེ་རེ་བཞིན་རང་རང་གི་བསྒྲུབ་བྱའི་དོན་དང་འཁུར་བྱའི་དངོས་པོ་ལྟར་རྩིས་བླངས་པ་དང་། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གནང་བའི་བཀའ་བཞིན་ཡིན་ནོ། །