ལེའུ་བཅོ་བརྒྱད་པ།
མཆོད་དཔོན་དང་ལེ་ཝི་པའི་ལས་འགན།
དེ་ནས་དཀོན་མཆོག་ཡ་ཝཱེས་ཨ་རོན་ལ་འདི་སྐད་དུ། ཁྱོད་དང་ཁྱོད་ཀྱི་བུ་རྣམས་དང་ཁྱོད་ཀྱི་ཕ་ཁྱིམ་གྱི་མི་རྣམས་ཀྱིས་ཁྱོད་དང་མཉམ་དུ་གནས་མཆོག་གི་ཉེས་པ་འཁུར་དགོས། ཁྱོད་དང་ཁྱོད་ཀྱི་བུ་རྣམས་ཀྱིས་ཁྱོད་དང་མཉམ་དུ་མཆོད་དཔོན་གྱི་ལས་འགན་དང་འགལ་བའི་ཉེས་པ་འཁུར་བར་བྱའོ། ། ཁྱོད་ཀྱིས་རང་གི་གཉེན་རྒྱུད་ལེ་ཝི་ཚོ་པ་སྟེ་ཁྱོད་ཀྱི་ཕ་མེས་ཀྱི་ཚོ་པ་ཁྱོད་དང་མཉམ་དུ་ཁྲིད་ཡོང་ནས། དེ་རྣམས་ཁྱོད་དང་འབྲེལ་བར་མ་ཟད། ཁྱོད་ལ་ཞབས་ཕྱི་བྱེད་དུ་འཇུག་དགོས། འོན་ཀྱང་ཁྱོད་དང་ཁྱོད་ཀྱི་བུ་རྣམས་དཔང་པོའི་གུར་མཆོག་གི་དྲུང་དུ་འདུག་པར་བྱ། དེ་དག་གིས་ཁྱོད་ལ་ཞབས་ཕྱི་བསྒྲུབ་པ་དང་མཇལ་འཕྲད་གུར་མཆོག་ནང་གི་དོན་ཐམས་ཅད་ལ་འགན་འཁུར་དགོས་ཀྱང་། གནས་མཆོག་གི་ཡོ་བྱད་དང་མཆོད་ཁྲིའི་ཉེ་སར་འགྲོ་མི་འོས། དེ་ནི་ཁོ་རྣམས་དང་ཁྱོད་ཅག་ཀུན་པོ་འཆི་བར་མི་འགྱུར་བའི་ཕྱིར་རོ། ། ཁོ་རྣམས་ཁྱོད་དང་འབྲེལ་ནས་མཇལ་འཕྲད་གུར་མཆོག་བསྲུང་དགོས་པ་དང་། གུར་མཆོག་གི་ཞབས་ཕྱི་ཐམས་ཅད་བསྒྲུབ་དགོས། ཕྱི་མི་རྣམས་ཁྱོད་ཅག་གི་ཉེ་སར་འོང་མི་རུང་། ཡེས་ར་ཨེལ་པ་རྣམས་ལ་ཁོང་ཁྲོ་མི་ཕོག་པའི་ཕྱིར་དུ། ཁྱོད་ཅག་གིས་གནས་མཆོག་དང་མཆོད་ཁྲི་བསྲུང་དགོས། ལྟོས་དང་། བདག་གིས་ཁྱོད་ཀྱི་གཉེན་རྒྱུད་ལེ་ཝི་པ་རྣམས་ཡེས་ར་ཨེལ་པ་རྣམས་ལས་དངོས་སུ་བདམས་ཏེ། མཇལ་འཕྲད་གུར་མཆོག་གི་ཞབས་ཕྱི་བསྒྲུབ་པའི་ཕྱིར། དཀོན་མཆོག་ཡ་ཝཱེ་ལ་ཕུལ་ཞིང་ཁྱོད་ཅག་ལ་ལེགས་སྐྱེས་སུ་བཏང་བའོ། ། ཁྱོད་དང་ཁྱོད་ཀྱི་བུ་རྣམས་ཀྱིས་ཁྱོད་དང་མཉམ་དུ་མཆོད་དཔོན་གྱི་འགན་བསྲུང་དགོས་པ་དང་། མཆོད་ཁྲི་དང་ཡོལ་བའི་ནང་རོལ་གྱི་དོན་ཐམས་ཅད་བསྒྲུབས་ནས་ཞབས་ཕྱི་བྱེད་དགོས། བདག་གིས་མཆོད་དཔོན་གྱི་ལས་འགན་ནི་ཁྱོད་རྣམས་ལ་ཞབས་ཕྱི་བསྒྲུབ་པའི་གནང་སྦྱིན་དུ་སྤྲད་པ་ཡིན་ལ། ཕྱི་མི་ཉེ་བར་འོངས་ན་ངེས་པར་གསོད་དགོས་ཞེས་གསུངས་སོ། །
མཆོད་དཔོན་དང་ལེ་ཝི་པ་རྣམས་ལ་འཐོབ་འོས་པའི་སྐལ།
དཀོན་མཆོག་ཡ་ཝཱེས་ཨ་རོན་ལ་འདི་སྐད་དུ། ལྟོས་དང་། བདག་གིས་རང་ལ་དབང་བའི་འདེགས་མཆོད་དེ། ཡེས་ར་ཨེལ་པ་རྣམས་ཀྱིས་དམ་པར་བྱས་པའི་རྫས་ཐམས་ཅད་ནི་ཁྱོད་དང་ཁྱོད་ཀྱི་བུ་རྒྱུད་རྣམས་ལ་དུས་གཏན་དུ་འཐོབ་འོས་པའི་བགོ་སྐལ་དུ་སྤྲད་པ་ཡིན་ནོ། ། ཡེས་ར་ཨེལ་པ་རྣམས་ཀྱིས་བདག་ལ་ཕུལ་བའི་མེ་མ་བརྒྱུད་པའི་མཆོད་པ་ཀུན་ལས་དམ་པ་ཐམས་ཅད་དེ། འབྲུ་རིགས་ཀྱི་མཆོད་པ་དང་སྡིག་བཤགས་མཆོད་པ་དང་། ཉེས་སེལ་མཆོད་པ་བཅས་ནི་ཀུན་ལས་དམ་པའི་རྫས་བྱས་ནས་ཁྱོད་དང་ཁྱོད་ཀྱི་བུ་རྒྱུད་རྣམས་ལ་དབང་བའོ། ། 10 ཁྱོད་ཀྱིས་ཀུན་ལས་དམ་པ་ཡིན་པའི་གནས་སུ་དེ་བཟའ་དགོས་ལ། སྐྱེས་པ་ཐམས་ཅད་ཀྱིས་དེ་བཟའ་རུང་བ་ཡིན། ཁྱོད་ཀྱིས་རྫས་དེ་དམ་པར་བརྩི་དགོས། 11 ཡེས་ར་ཨེལ་པ་རྣམས་ཀྱི་ཕྱག་རྟེན་ལས་འདེགས་མཆོད་དང་གཡོབ་མཆོད་ཐམས་ཅད་ནི་ཁྱོད་ཀྱི་ཡིན་ཏེ། ངས་ཁྱོད་དང་ཁྱོད་ཀྱི་བུ་དང་བུ་མོ་རྣམས་ལ་དུས་གཏན་དུ་འཐོབ་འོས་པའི་བགོ་སྐལ་དུ་སྤྲད་པ་དང་། ཁྱོད་ཀྱི་ཁྱིམ་དུ་གཙང་མ་ཡིན་པ་ཐམས་ཅད་ཀྱིས་དེ་བཟའ་རུང་བ་ཡིན། 12 སྣུམ་ཡག་ཤོས་དང་། རྒུན་ཆང་གསར་པ་ཡག་ཤོས་དང་། འབྲུ་རིགས་བཅས་ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་སྟོན་ཐོག་རྣམས་ནི་ངས་ཁྱོད་ལ་སྤྲད་པ་ཡིན་ནོ། ། 13 ཁོ་རྣམས་ཀྱིས་ཡུལ་ནས་ཁྱེར་འོངས་ཏེ་དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་སྟོན་ཐོག་ཐམས་ཅད་ཁྱོད་ཅག་གི་ཡིན། ཁྱོད་ཀྱི་ཁྱིམ་དུ་གཙང་མ་ཡིན་པ་ཐམས་ཅད་ཀྱིས་དེ་བཟའ་རུང་བ་ཡིན། 14 ཡེས་ར་ཨེལ་པའི་ཁྲོད་ནས་བསྔོས་པ་ཐམས་ཅད་ཀྱང་ཁྱོད་ཀྱི་ཡིན་པར་འགྱུར། 15 ཤ་ཁྲག་གདོས་བཅས་ཀྱི་སྲོག་ལྡན་སྐྱེས་འགོ་རྣམས་ཏེ། ཁོ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བ་ནི་མི་ཕྱུགས་གང་ཡིན་ཡང་ཐམས་ཅད་ཁྱོད་ཀྱི་ཡིན། འོན་ཀྱང་མིའི་རིགས་ཀྱི་སྐྱེས་འགོ་ནི་ཁྱོད་ཀྱིས་ངེས་པར་བླུ་དགོས་ལ། ཕྱུགས་མི་གཙང་བ་རྣམས་ཀྱི་སྐྱེས་འགོ་ཡང་བླུ་དགོས་སོ། ། 16 ཡང་དེ་དག་གི་བླུ་རིན་ནི། ཟླ་བ་གཅིག་བརྒལ་རྗེས་ཁྱོད་ཀྱིས་རང་གིས་ཚོད་རྩིས་བྱས་པའི་རིན་དང་། གནས་མཆོག་གི་སྲང་བཞིན་དུ། དངུལ་སྲང་ལྔ་ཡིས་བླུ་དགོས་ཏེ། སྲང་གཅིག་ནི་གཱེ་ར་ཉི་ཤུ་ཡིན། 17 འོན་ཀྱང་བ་གླང་གི་སྐྱེས་འགོའམ། ལུག་གི་སྐྱེས་འགོའམ། ཡང་ན་ར་ཡི་སྐྱེས་འགོ་རྣམས་ནི་དམ་པ་ཡིན་པས་བླུ་མི་རུང་། ཁྱོད་ཀྱིས་དེ་དག་གི་ཁྲག་ནི་མཆོད་ཁྲིའི་སྟེང་དུ་གཏོར་བ་དང་། ཚིལ་ནི་མེ་རུ་བསྲེགས་ནས་དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་གྱི་མེ་མཆོད་དུ་འབུལ་དགོས། 18 དེ་དག་གི་ཤ་ཁྱོད་ཀྱི་ཡིན་ཏེ། གཡོབ་མཆོད་ཡིན་པའི་བྲང་ཁོག་དང་བརླ་གཡས་པ་ཁྱོད་ཀྱི་ཡིན་པ་བཞིན་ནོ། ། 19 ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་རྫས་དམ་པའི་ཁྲོད་ཀྱི་འདེགས་མཆོད་ཐམས་ཅད། ངས་ཁྱོད་དང་ཁྱོད་ཀྱི་བུ་དང་བུ་མོ་རྣམས་ལ་དུས་གཏན་དུ་འཐོབ་འོས་པའི་བགོ་སྐལ་དུ་སྤྲད་པ་ཡིན། དེ་ནི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཁྱོད་དང་ཁྱོད་ཀྱི་རིགས་རྒྱུད་རྣམས་ཀྱི་དུས་གཏན་གྱི་ཚྭའི་ཞལ་ཆད་ཅིག་ཡིན་ཞེས་གསུངས་སོ། ། 20 དཀོན་མཆོག་ཡ་ཝཱེས་ཨ་རོན་ལ་འདི་སྐད་དུ། ཁྱོད་ལ་ཡེས་ར་ཨེལ་པ་རྣམས་ཀྱི་ཡུལ་དུ་ས་སྐལ་ཡོད་མི་རུང་ལ། དེ་དག་གི་ཁྲོད་དུ་སྐལ་ཡང་ཡོད་མི་རུང་། ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་བདག་ནི་ཁྱོད་ཀྱི་ཐོབ་སྐལ་དང་ཁྱོད་ཀྱི་བགོ་སྐལ་ཡིན་ནོ། །
21 ཡང་ལེ་ཝིའི་བུ་རྒྱུད་རྣམས་ལ་བདག་གིས་ཡེས་ར་ཨེལ་པ་རྣམས་ཀྱི་འབུལ་བའི་བཅུ་ཆ་གཅིག་ཐམས་ཅད་ཁོ་ཚོར་དངོས་སུ་བགོ་སྐལ་གྱི་ཚབ་ཏུ་སྤྲད་པ་སྟེ། དེ་དག་གིས་མཇལ་འཕྲད་གུར་མཆོག་གི་ནང་དུ་ཞབས་ཕྱི་བསྒྲུབས་པའི་ཐོབ་ཆ་ཡིན། 22 དུས་ད་ནས་བཟུང་ཡེས་ར་ཨེལ་པ་རྣམས་མཇལ་འཕྲད་གུར་མཆོག་གི་ཉེ་སར་འོང་མི་རུང་། དེ་ནི་སྡིག་པ་ཁུར་ནས་འཆི་བར་མི་འགྱུར་བའི་ཕྱིར་དུའོ། ། 23 ལེ་ཝི་པ་རྣམས་ཀྱིས་མཇལ་འཕྲད་གུར་མཆོག་གི་ཞབས་ཕྱི་བསྒྲུབས་ནས་རང་གི་ཉེས་པ་འཁུར་དགོས། དེ་ནི་ཁྱོད་རྣམས་མི་རབས་ནས་མི་རབས་བར་གྱི་དུས་གཏན་གྱི་སྒྲིག་ཁྲིམས་ཡིན། ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་དེ་དག་ལ་བགོ་སྐལ་ཡོད་མི་རུང་སྟེ། 24 ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་འདེགས་མཆོད་ཀྱི་བཅུ་ཆ་གཅིག་ནི་བདག་གིས་ལེ་ཝི་པ་རྣམས་ལ་བགོ་སྐལ་དུ་སྤྲད་ཡོད། དེ་བས་བདག་གིས་དེ་དག་ལ་ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་བགོ་སྐལ་ཡོད་མི་རུང་སྨྲས་པ་ཡིན་ཞེས་གསུངས་སོ། །
25 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 26 ཁྱོད་ཀྱིས་ལེ་ཝི་པ་རྣམས་ལ་འདི་ལྟར་སྨྲོས་ཤིག ཁྱོད་ཅག་གིས་ཡེས་ར་ཨེལ་པ་རྣམས་ལས་ངས་ཁྱོད་རྣམས་ལ་ནོར་སྐལ་དུ་སྤྲད་པའི་བཅུ་ཆ་གཅིག་ལེན་པའི་ཚེ། ཁྱོད་ཅག་གིས་དེ་ལས་བཅུ་ཆ་གཅིག་བླངས་ནས་དཀོན་མཆོག་ཡ་ཝཱེ་ལ་འདེགས་མཆོད་དུ་འབུལ་དགོས་ལ། 27 དེ་ནི་ཁྱོད་ཅག་གི་འདེགས་མཆོད་ལ་བརྩི་བ་སྟེ། གཡུལ་ཁའི་ནང་གི་འབྲུ་རིགས་དང་རྒུན་འབྲུམ་འཚིར་གཞོང་ནང་གི་ལྟེམས་ལྟེམས་གང་བའི་རྒུན་ཆང་བཞིན་དུ་ཡིན་ནོ། ། 28 དེ་བཞིན་ཁྱོད་ཅག་གིས་ཡེས་ར་ཨེལ་པ་རྣམས་ལས་ཐོབ་པའི་བཅུ་ཆ་གཅིག་དེ་ལས་དཀོན་མཆོག་ཡ་ཝཱེ་ལ་འདེགས་མཆོད་དུ་འབུལ་དགོས་ཤིང་། དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་འདེགས་མཆོད་དེ་ཁྱོད་ཅག་གིས་མཆོད་དཔོན་ཨ་རོན་ལ་སྤྲོད་དགོས། 29 ཁྱོད་རྣམས་ལ་ཐོབ་པའི་ལེགས་སྐྱེས་ཐམས་ཅད་ལས་ཡག་ཤོས་ནི་དམ་པར་བྱས་ནས་དཀོན་མཆོག་ཡ་ཝཱེ་ལ་འདེགས་མཆོད་དུ་ཕུལ་ཞིག་ཅེས་པའོ། ། 30 དེ་བས་ན། ཁྱོད་ཀྱིས་ལེ་ཝི་པ་རྣམས་ལ་འདི་ལྟར་སྨྲོས་ཤིག གལ་སྲིད་ཁྱོད་རྣམས་ཀྱིས་ཡག་ཤོས་དེ་ཕུལ་བ་ཡིན་ན། དེ་ནི་ཁྱོད་རྣམས་ཀྱི་གཡུལ་ཁའི་ནང་གི་འབྲུ་རིགས་དང་རྒུན་འབྲུམ་འཚིར་གཞོང་ནང་གི་རྒུན་ཆང་དུ་བརྩི་བ་ཡིན། 31 ཁྱོད་ཅག་དང་ཁྱོད་ཅག་གི་ནང་མི་རྣམས་ཀྱིས་གནས་གང་དུ་ཡང་ཟོས་ཆོག ཅི་ལ་ཞེ་ན། དེ་ནི་ཁྱོད་ཅག་གི་གླ་ཆ་དང་ཁྱོད་ཅག་གིས་མཇལ་འཕྲད་གུར་མཆོག་ནས་ཞབས་ཕྱི་བསྒྲུབས་པའི་ཐོབ་ཆ་ཡིན་ནོ། ། 32 ཁྱོད་ཅག་གིས་ཡག་ཤོས་དེ་ག་དུས་འདེགས་མཆོད་དུ་ཕུལ་བ་ཡིན་ན་སྡིག་པ་འཁུར་མི་དགོས། ཁྱོད་ཅག་འཆི་བར་མི་འགྱུར་བའི་ཕྱིར། ཡེས་ར་ཨེལ་པ་རྣམས་ཀྱི་རྫས་དམ་པ་རྣམས་སྦག་མི་རུང་ཞེས་གསུངས་སོ། །