ལེའུ་ཉེར་གཅིག་པ།
ཨ་རད་མེད་པར་བཏང་བ།
དེ་ཡང་ནེ་གུབ་ཡུལ་དུ་གནས་པའི་ཨ་རད་ཀྱི་རྒྱལ་པོ་ཀ་ན་ཨན་པ་དེས། ཡེས་ར་ཨེལ་པ་རྣམས་ཨ་ཐཱ་རིམ་གྱི་ལམ་ནས་ཡོང་བ་ཐོས་ཏེ། ཡེས་ར་ཨེལ་པ་རྣམས་ལ་འཐབ་ཅིང་མི་འགའ་ཤས་བཟུང་ནས་ཁྲིད། ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་དམ་བཅས་ཏེ་ན་རེ། གལ་སྲིད་ཁྱེད་ཀྱིས་མི་འདི་རྣམས་ངེད་ཅག་གི་ལག་ཏུ་སྤྲོད་པར་མཛད་ན། ངེད་རྣམས་ཀྱིས་དེ་དག་གི་གྲོང་ཁྱེར་རྣམས་མེད་པར་བྱེད་ངེས་ཡིན་ཞེས་ཞུས། དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ཀྱི་ཞུ་བ་གསན་ནས། ཀ་ན་ཨན་པ་རྣམས་དེ་དག་གི་ལག་ཏུ་གཏད་ཅིང་། དེ་དག་གིས་ཀ་ན་ཨན་པ་རྣམས་དང་དེ་ཚོའི་གྲོང་ཁྱེར་རྣམས་རྩ་ནས་བཤིགས་པས། གནས་དེའི་མིང་ལ་ཧོར་མཱ་ཞེས་བཏགས་སོ། །
ལི་ཡི་སྦྲུལ།
ཡེས་ར་ཨེལ་པ་རྣམས་རི་བོ་ཧོར་ནས་རྒྱ་མཚོ་དམར་པོར་འགྲོ་བའི་ལམ་བརྒྱུད་དེ། ཨེ་དོམ་གྱི་ཡུལ་བསྐོར་ནས་སོང་བ་ལ། ལམ་དེའི་རྐྱེན་གྱིས་མི་རྣམས་སེམས་འཚབས་ཏེ། དཀོན་མཆོག་དང་མོ་ཤེ་གཉིས་ལ་རྒོལ་ཞིང་ན་རེ། ཁྱེད་གཉིས་ཀྱིས་ངེད་རྣམས་ཅིའི་ཕྱིར་ཨེ་ཅིབ་ཡུལ་ནས་ཁྲིད་ཡོང་སྟེ་དབེན་སྟོང་དུ་འཆི་བར་བྱའམ། འདི་རུ་བག་ལེབ་མེད་ལ་ཆུ་ཡང་མེད། ཁ་ཟས་སྐྱོ་བོ་འདི་ལ་ངེད་རྣམས་སྐྱུག་མེར་ལངས་ཞེས་སྨྲས་སོ། ། དེ་ནས་དཀོན་མཆོག་ཡ་ཝཱེས་དུག་སྦྲུལ་རྣམས་མི་ཚོགས་ཁྲོད་དུ་བཏང་ཞིང་། སྦྲུལ་གྱིས་ཁོ་རྣམས་ལ་རྨུགས་པས་ཡེས་ར་ཨེལ་པ་མང་པོ་ཤི་བར་གྱུར། དེ་ནས་མི་རྣམས་ཡོང་ནས་མོ་ཤེ་ལ། ངེད་ཅག་གིས་དཀོན་མཆོག་ཡ་ཝཱེ་དང་ཁྱེད་ལ་གཏམ་ངན་གྱིས་རྒོལ་བས་སྡིག་པ་བསགས། དཀོན་མཆོག་ཡ་ཝཱེས་སྦྲུལ་དེ་དག་ངེད་ཅག་དང་འབྲལ་བར་མཛད་པའི་ཕྱིར་ཁྱེད་ཀྱིས་སྨོན་ལམ་འདེབས་རོགས་ཞེས་ཞུས་པ་ན། མོ་ཤེ་ཡིས་མི་རྣམས་ཀྱི་དོན་དུ་སྨོན་ལམ་བཏབ་བོ། ། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་དུག་སྦྲུལ་ཞིག་བཟོས་ལ་ཀ་བའི་རྩེ་མོར་སྐྱོན་དང་། སྦྲུལ་གྱིས་རྨུགས་པའི་མི་ཀུན་གྱིས་སྦྲུལ་དེར་བལྟས་མ་ཐག་གསོན་པར་འགྱུར་ཞེས་གསུངས་པས། མོ་ཤེ་ཡིས་ལི་ཡི་སྦྲུལ་ཞིག་བཟོས་ནས་ཀ་བའི་རྩེ་མོར་བསྐྱོན། དེ་ནས་སྦྲུལ་གྱིས་རྨུགས་པའི་མི་སུ་ཡིན་ཡང་ལི་ཡི་སྦྲུལ་དེར་བལྟས་པ་ཙམ་གྱིས་གསོན་པར་གྱུར་ཏོ། །
མོ་ཨབ་ཏུ་བགྲོད་པའི་ལམ་ཐག
10 ཡང་ཡེས་ར་ཨེལ་པ་རྣམས་ལམ་དུ་ཆས་པ་དང་། ཨོ་བོད་བྱ་བའི་ཡུལ་ནས་སྒར་བཏབ། 11 ཡང་ཨོ་བོད་ནས་ལམ་དུ་ཞུགས་པ་དང་། མོ་ཨབ་ཕ་རོལ་གྱི་དབེན་སྟོང་དུ་ཡོད་ལ་ཤར་ཕྱོགས་སུ་འཁོར་བའི་ཨི་ཡེ་ཨ་བཱ་རིམ་ཡུལ་དུ་སྒར་བཏབ་བོ། ། 12 ཡང་ཁོ་རྣམས་དེ་ནས་ལམ་དུ་ཆས་ཏེ་ཟེ་རེད་ལུང་པར་སྒར་བཏབ་པ་དང་། 13 ཡང་དེ་ནས་ལམ་དུ་ཆས་ཏེ་ཨར་ནོན་ཆུ་བོའི་ཕ་རོལ་ཏུ་སྒར་བཏབ། ཨར་ནོན་ཆུ་བོ་ནི་དབེན་སྟོང་དུ་ཡོད་ཅིང་ཨེ་མོར་པ་རྣམས་ཀྱི་ས་མཚམས་ནས་བཞུར་འོངས་པ་ཡིན། མ་གཞི་ཨར་ནོན་ཆུ་བོ་ནི་མོ་ཨབ་ཀྱི་མཐའ་མཚམས་ཡིན་ལ། མོ་ཨེབ་དང་ཨེ་མོར་པའི་བར་མཚམས་སུ་ཡོད་པའོ། ། 14 དེར་བརྟེན་དཀོན་མཆོག་ཡ་ཝཱེའི་དམག་འཁྲུག་གི་ལོ་རྒྱུས་དཔེ་ཆ་རུ།
སུབ་ཕཱའི་ཝཱ་ཧེབ་ཨར་ནོན་གྲོག་ཤུར་རྣམས། །
15 གྲོག་མོའི་ཐུར་གསེག་ཨར་ལ་ཐུག་པ་དང་། །
མོ་ཨབ་ས་མཚམས་དང་ནི་ཉེ་བ་འོ། །ཞེས་བཀོད་པའོ། །
16 ཡང་དེ་ནས་ཡེས་ར་ཨེལ་པ་རྣམས་པེར་ཞེས་པའི་ཁྲོན་པ་རུ་སླེབས་ཤིང་། སྔར་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་མི་ཚོགས་གནས་དེར་སྡུས་ཤིག་དང་། བདག་གིས་དེ་དག་ལ་ཆུ་སྦྱིན་པར་བྱ་ཞེས་གསུངས་པ་ནི་ཁྲོན་པ་དེའི་སྐོར་ཡིན་ནོ། །
17 དེའི་དུས་སུ་ཡེས་ར་ཨེལ་པས་མགུར་འདི་བླངས་པ་སྟེ།
ཀྱེ་ཀྱེ་ཁྲོན་པ་ཆུ་འཕྱུར་ཤོག །
ཁྱོད་ཅག་དེ་ལ་གླུ་ལོངས་ཤིག །
18 ཁྲོན་པ་འདི་ནི་འགོ་དཔོན་རྣམས་ཀྱིས་བརྐོས། །
དེ་ནི་དམངས་ཁྲོད་སྐུ་དྲག་རྣམས་ཀྱིས་ནི། །
ཕྱག་འཁར་དང་ནི་འཁར་བས་བསྔོགས་པ་ཡིན། ། ཞེས་པའོ། །
དེ་ནས་ཡེས་ར་ཨེལ་པ་རྣམས་དབེན་སྟོང་ནས་མད་ཐ་ནཱ་རུ་སླེབས་པ་དང་། 19 མད་ཐ་ནཱ་ནས་ནཱ་ཧ་ལི་ཨེལ་དང་། ནཱ་ཧ་ལི་ཨེལ་ནས་པཱ་མོད་དང་། 20 པཱ་མོད་ནས་མོ་ཨབ་ཡུལ་གྱི་ལུང་པ་དང་། ཡང་དབེན་སྟོང་ལ་ཁ་ཐུར་ལྟའི་རི་བོ་ཕིས་གའི་རྩེ་མོར་སླེབས་སོ། །
ཨེ་མོར་པའི་རྒྱལ་པོ་དང་པཱ་ཤན་གྱི་རྒྱལ་པོ་གཉིས་ཀ་ཕམ་པར་བརྒྱབ་པ།
21 ཡེས་ར་ཨེལ་པས་ཨེ་མོར་པའི་རྒྱལ་པོ་སི་ཧོན་ལ་བང་ཆེན་བཏང་སྟེ་ན་རེ། 22 ཁྱེད་ཀྱིས་ངེད་རྣམས་ཁྱེད་ཀྱི་ཡུལ་བརྒྱུད་དེ་འགྲོ་རུ་འཇུག་པར་མཛོད། ངེད་ཅག་ཞིང་ཁ་དང་རྒུན་འབྲུམ་ར་བར་མི་འགྲོ་ལ། ཁྲོན་པ་དག་གི་ཆུ་ཡང་མི་འཐུང་། ཁྱེད་ཀྱི་ས་མཚམས་ནས་བརྒལ་བའི་བར་དུ་ངེད་རྣམས་རྒྱལ་པོའི་ལམ་ཆེན་ནས་འགྲོ་བར་བྱའོ་ཞེས་སྨྲས་ནའང་། 23 སི་ཧོན་གྱིས་ཡེས་ར་ཨེལ་པ་རྣམས་རང་གི་ས་མཚམས་བརྒལ་ནས་འགྲོ་རུ་འཇུག་པ་ཕར་ཞོག ཁོས་རང་གི་མི་ཐམས་ཅད་བསྡུས་ཏེ་ཡེས་ར་ཨེལ་པ་རྣམས་ལ་འཐབ་ཕྱིར་དབེན་སྟོང་དུ་ཕྱིན་པ་དང་། ཡ་ཧ་ཙཱ་བྱ་བར་སླེབས་ནས་ཡེས་ར་ཨེལ་པ་རྣམས་ལ་དམག་བརྒྱབ་པའོ། ། 24 དེ་ནས་ཡེས་ར་ཨེལ་པས་ཁོ་རལ་གྲིས་བསད་ཅིང་། ཨར་ནོན་ནས་ཡཱབ་པོག་དང་། དེ་ནས་ཨམ་མོན་པ་རྣམས་ཀྱི་བར་དུ་ཁོའི་ས་ཆ་རྣམས་བདག་ཏུ་བཟུང་། ཨམ་མོན་པའི་ས་མཚམས་ནི་བརྟན་འཇགས་ཡིན་པའི་ཕྱིར་རོ། ། 25 ཡེས་ར་ཨེལ་པས་གྲོང་ཁྱེར་དེ་ཐམས་ཅད་ཕྲོགས་ཤིང་། ཨེ་མོར་པའི་གྲོང་ཁྱེར་སོ་སོ་སྟེ་ཧེ་སི་པོན་བྱ་བ་དང་དེར་གཏོགས་པའི་གྲོང་སྡེ་ཐམས་ཅད་ནས་གཞིས་ཕབ་བོ། ། 26 ཧེ་སི་པོན་ནི་ཨེ་མོར་པ་རྣམས་ཀྱི་རྒྱལ་པོ་སི་ཧོན་གྱི་རྒྱལ་ས་ཡིན་པ་དང་། ཁོས་སྔར་མོ་ཨབ་ཀྱི་རྒྱལ་པོ་སྔོན་མར་དམག་བརྒྱབ་ཅིང་དེའི་ལག་ནས་ཨར་ནོན་ཆུ་བོའི་བར་དུ་ས་ཆ་ཐམས་ཅད་ཕྲོགས་པའོ། ། 27 དེའི་ཕྱིར་གཏམ་དཔེ་འཆད་མཁན་རྣམས་ཀྱིས་འདི་ལྟར།
ཁྱོད་རྣམས་ཧེ་སི་པོན་ལ་ཕེབས། །
སི་ཧོན་རྒྱལ་པོའི་མཁར་སྐྲུན་ཅིག །
མཁར་དེ་བརྟན་པོར་བཟོ་བར་གྱིས། །
28 དེ་ནི་གང་གི་རྐྱེན་གྱིས་ཡིན་ཞེ་ན། །
ཧེ་སི་པོན་ནས་མེ་ཞིག་བྱུང་བ་དང་། །
སི་ཧོན་རྒྱལ་པོའི་མཁར་ནས་མེ་ལྕེ་འཕྱུར། །
མོ་ཨབ་ཡུལ་གྱི་ཨཱར་དང་ཨར་ནོན་གྱི། །
རི་རྒྱུད་གཙོ་བོ་རྣམས་ཀྱང་རྩ་མེད་བཏང་། །
29 ཀྱེ་ཀྱེ་མོ་ཨབ་ཁྱོད་ལ་ཆག་སྒོ་བྱུང་། །
ཀེ་མོ་སི་ཡི་མི་རྣམས་མེད་པར་གྱུར། །
ལྷ་དེས་རང་གི་བུ་རྣམས་འབྲོ་རུ་བཅུག །
རང་གི་བུ་མོ་རྣམས་ནི་བཙོན་པར་བཏང་། །
ཨེ་མོར་རྒྱལ་པོ་སི་ཧོན་ལག་ཏུ་བརྫངས། །
30 ང་ཚོས་མདའ་ཡིས་དེ་རྣམས་བརྒྱབས་པ་དང་། །
དི་བོན་བར་དུ་ཧེ་སི་པོན་ཚར་བཅད། །
ནོ་ཕཱའི་བར་དུ་ང་ཚོས་སྟོངས་སུ་བཅུག །
དེ་ནི་མེ་དེ་བཱ་ཡི་བར་དུ་བསྲིངས། །ཞེས་སྨྲ་བའོ། །
31 དེ་ལྟར་ཡེས་ར་ཨེལ་པ་རྣམས་ཨེ་མོར་པ་རྣམས་ཀྱི་ཡུལ་དུ་བསྡད་དོ། ། 32 དེ་ཡང་མོ་ཤེ་ཡིས་ཡཱ་ཟེར་བྱ་བའི་ཡུལ་ལ་མྱུལ་མ་བཏང་བ་དང་། ཡེས་ར་ཨེལ་པ་རྣམས་ཀྱིས་དེའི་གྲོང་སྡེ་རྣམས་བདག་ཏུ་བཟུང་ཞིང་། དེར་གནས་པའི་ཨེ་མོར་པ་རྣམས་གཞན་དུ་བསྐྲད་དོ། ། 33 དེ་ནས་ཡེས་ར་ཨེལ་པ་རྣམས་ཁ་ཕྱིར་འཁོར་ནས་པཱ་ཤན་དུ་འགྲོ་བའི་ལམ་དུ་ཞུགས་པ་ན། པཱ་ཤན་གྱི་རྒྱལ་པོ་ཨོག་ཅེས་བྱ་བ་དང་དེའི་མི་ཐམས་ཅད་འོངས་ནས་ཨེ་དྲེ་ཨི་ཡུལ་དུ་ཁོ་རྣམས་ལ་དམག་བརྒྱབ་བོ། ། 34 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། བདག་གིས་ཁོ་དང་ཁོའི་མི་ཐམས་ཅད་དང་། ཁོའི་ས་ཆ་བཅས་ཁྱོད་ཀྱི་ལག་ཏུ་གཏད་ཡོད་པས། ཁོ་ལ་མ་འཇིགས་ཤིག ཁྱོད་ཀྱིས་སྔར་ཧེ་སི་པོན་དུ་གནས་པའི་ཨེ་མོར་པའི་རྒྱལ་པོ་སི་ཧོན་ལ་ཅི་ལྟར་བྱས་པ་ཡིན་ན། འདི་ལ་ཡང་དེ་ལྟར་གྱིས་ཤིག་ཅེས་གསུངས་སོ། ། 35 དེ་ནས་ཁོ་ཚོས་ཨོག་དང་དེའི་བུ་རྣམས་དང་། དེའི་མི་ཐམས་ཅད་བསད་དེ་གཅིག་ཀྱང་མི་ལུས་པར་བྱས་ནས་དེའི་ས་ཆ་བདག་གིར་བཟུང་ངོ་། །