ལེའུ་སུམ་ཅུ་པ།
དམ་བཅའ་རྣམས་ཀྱི་སྐོར།
དེ་ཡང་མོ་ཤེ་ཡིས་ཡེས་ར་ཨེལ་པ་རྣམས་ཀྱི་ཚོ་པ་དག་གི་འགོ་དཔོན་རྣམས་ལ་འདི་ལྟར། འདི་ནི་དཀོན་མཆོག་ཡ་ཝཱེས་གནང་བའི་བཀའ་ཡིན་ཏེ། གལ་སྲིད་མི་ཞིག་གིས་དཀོན་མཆོག་ཡ་ཝཱེ་ལ་དམ་བཅའ་འཇོག་པའམ། སྡོམ་པ་ལེན་པར་མནའ་བསྐྱལ་བ་ཡིན་ན། རང་གི་དམ་ཚིག་བསྲུང་དགོས་ལ། རང་གི་ཁ་ནས་ཐོན་པའི་གཏམ་ཐམས་ཅད་བཞིན་དུ་བསྒྲུབ་དགོས་སོ། །
བུད་མེད་ན་ཆུང་ཞིག་ད་དུང་རང་གི་ཕ་གཞིས་སུ་ཡོད་པའི་དུས་སུ། དཀོན་མཆོག་ཡ་ཝཱེ་ལ་སྡོམ་པ་ལེན་པར་དམ་བཅས་ཤིང་། ཁོ་མོའི་ཕ་ཡིས་ཁོ་མོས་བཞག་པའི་དམ་བཅའ་དང་སྡོམ་པ་ལེན་པའི་ཚིག་ཐོས་ཀྱང་གང་ཡང་མ་སྨྲས་ན། ཁོ་མོས་བཞག་པའི་དམ་བཅའ་ཐམས་ཅད་དང་སྡོམ་པ་ལེན་པའི་ཚིག་རྣམས་བསྲུང་དགོས། འོན་ཀྱང་ཁོ་མོའི་ཕ་ཡིས་དེ་ཐོས་པའི་ཚེ་ཁོ་མོ་བཀག་པ་ཡིན་ན། ཁོ་མོས་བཞག་པའི་དམ་བཅའ་དང་སྡོམ་པ་ལེན་པའི་ཚིག་རྣམས་བསྲུང་མི་དགོས། ཅི་ལ་ཞེ་ན། ཁོ་མོའི་ཕ་ཡིས་ཁོ་མོ་བཀག་པ་ཡིན་པས། དཀོན་མཆོག་ཡ་ཝཱེས་ཁོ་མོར་དགོངས་ཡངས་མཛད་པར་འགྱུར་རོ། །
གལ་སྲིད་ཁོ་མོ་སྐྱེས་པ་ཞིག་ལ་གཉེན་བསྒྲིགས་ཤིང་། དམ་བཅའ་འཇོག་པའམ་སྡོམ་པ་ལེན་པའི་ཚིག་ཁ་ནས་ཤོར་བའི་ཚེ། ཁོ་མོའི་ཁྱོ་གས་དེ་ཐོས་ནའང་ཐོས་པའི་སྐབས་སུ་ཅི་ཡང་མ་སྨྲས་ན། ཁོ་མོས་བཞག་པའི་དམ་བཅའ་དང་སྡོམ་པ་ལེན་པའི་ཚིག་རྣམས་བསྲུང་དགོས་པ་ཡིན། འོན་ཀྱང་ཁོ་མོའི་ཁྱོ་གས་དེ་ཐོས་པའི་ཚེ་ཁོ་མོ་བཀག་པ་ཡིན་ན། ཁོ་མོས་བཞག་པའི་དམ་བཅའ་དང་ཁོ་མོའི་ཁ་ནས་ཤོར་བའི་སྡོམ་པ་ལེན་པའི་ཚིག་རྣམས་བསྲུང་མི་དགོས་པར་བྱས་ནའང་། དཀོན་མཆོག་ཡ་ཝཱེས་ཁོ་མོ་ལ་དགོངས་ཡངས་མཛད་པར་འགྱུར་རོ། ། འོན་ཀྱང་ཡུགས་མོའམ་བུད་མེད་བཟའ་ཐོར་བྱས་པ་ཞིག་གིས་བཞག་པའི་དམ་བཅའ་སྟེ། སྡོམ་པ་ལེན་པའི་ཚིག་ནི་ཐམས་ཅད་བསྲུང་དགོས་པ་ཡིན། 10 གལ་སྲིད་ཁོ་མོས་རང་གི་ཁྱོ་གའི་ཁྱིམ་དུ་ཡོད་པའི་དུས་སུ་དམ་བཅའ་བཞག་པའམ་སྡོམ་པ་ལེན་པར་མནའ་བསྐྱལ་བ་དང་། 11 ཁོ་མོའི་ཁྱོ་གས་དེ་ཐོས་ཀྱང་གང་ཡང་མ་སྨྲས་པ་དང་བཀག་ཀྱང་མ་བཀག་ན། ཁོ་མོས་བཞག་པའི་དམ་བཅའ་དང་སྡོམ་པ་ལེན་པའི་ཚིག་ཐམས་ཅད་བསྲུང་དགོས་པ་ཡིན་ནོ། ། 12 འོན་ཀྱང་ཁོ་མོའི་ཁྱོ་གས་དེ་རྣམས་ཐོས་པའི་ཉིན་དེར་དེ་གཉིས་ཀ་བསྲུང་མི་དགོས་པར་བྱས་ན། བུད་མེད་ཀྱི་ཁ་ནས་ཐོན་པའི་དམ་བཅའ་དང་སྡོམ་པ་ལེན་པའི་ཚིག་ཐམས་ཅད་བསྲུང་མི་དགོས། ཁོ་མོའི་ཁྱོ་གས་དེ་གཉིས་ཀ་བསྲུང་མི་དགོས་པར་བྱས་པ་དང་། དཀོན་མཆོག་ཡ་ཝཱེས་ཀྱང་ཁོ་མོར་དགོངས་ཡངས་མཛད་པར་འགྱུར་རོ། ། 13 བུད་མེད་ཀྱིས་བཞག་པའི་དམ་བཅའ་དང་། རང་ཉིད་ཁྱད་གསོད་ཀྱིས་སྡོམ་པ་ལེན་པའི་མནའ་ཚིག་ཐམས་ཅད་ཁོ་མོའི་ཁྱོ་གས་ངེས་བརྟན་བྱས་ཆོག་ལ་བསྲུང་མི་དགོས་པར་བྱས་ཀྱང་ཆོག་གོ ། 14 གལ་སྲིད་ཁོ་མོའི་ཁྱོ་གས་ཉིན་རྒྱུན་གང་ཡང་མ་སྨྲས་ན། དེ་ནི་ཁོ་མོས་བཞག་པའི་དམ་བཅའ་དང་སྡོམ་པ་ལེན་པའི་ཚིག་ཐམས་ཅད་ངེས་བརྟན་བྱས་པ་ཡིན། ཅི་ལ་ཞེ་ན། ཁྱོ་གས་དེ་རྣམས་ཐོས་པའི་ཉིན་ཁོ་མོར་གང་ཡང་མ་སྨྲས་པས་དེ་གཉིས་ཀ་བསྲུང་དགོས་པར་གྱུར་པའོ། ། 15 འོན་ཀྱང་ཁྱོ་གས་དེ་རྣམས་ཐོས་ནས་ཡུན་རིང་འགོར་རྗེས་ད་གཟོད་བསྲུང་མི་དགོས་པར་བྱས་ན། ཁོས་ཆུང་མའི་ཉེས་པ་འཁུར་དགོས་ཞེས་གསུངས་པའོ། །
16 འདི་ནི་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བསྒོས་པའི་བཀའ་སྟེ། ཁྱོ་ག་དང་ཆུང་མའི་བར་དང་། ཕ་དང་ད་དུང་རང་གི་ཕ་གཞིས་སུ་སྡོད་པའི་ན་ཆུང་བུ་མོ་བར་གྱི་སྒྲིག་ཁྲིམས་ཡིན་ནོ། །