གསུང་མགུར་བཅུ༌པ།
ངན་པར་ཁྲིམས་ཐག་གཅོད་པའི་ཆེད་དུ་ཞུ་བའི་སྨོན་ལམ།
ཀྱེ་ཀྱེ་ཡ་ཝཱེ་རྒྱང་ནས་བཞེངས་དོན༌ཅི། །དཀའ་སྡུག་དུས་སུ་ཡིབས་ནས་བཞུགས་པ༌ཅི།། ངན་པས་ང་རྒྱལ་དང་བཅས་ཉམ་ཐག༌འདེད། །རང་གིས་བཤམས་པའི་ཇུས་ནང་ཚུད་གྱུར༌ཅིག། ངན་པས་རང་གི་སེམས་ཀྱི་འདོད་པ༌ངོམ། །ནོར་རྔམ་ཅན་ལ་བསྟོད་ཅིང་ཡ་ཝཱེར༌སྨད།། ངན་པས་ཁེངས་དྲེགས་བསྐྱེད་ཅིང་ཁོང་མི༌འཚོལ། །དེ་ཡི་བསམ་བློ་ཀུན་ཏུ་དཀོན་མཆོག༌མེད།། ངན་པའི་ལམ་རྣམས་རྟག་ཏུ་བརྟན་པོར༌ལུས། །ཁྱེད་ཀྱི་བཀའ་ཁྲིམས་ཁྱད་འཕགས་ཁོས་མི༌མཐོང༌། །རང་གི་དགྲ་བོ་རྣམས་ལ་ཁྲེལ་དགོད༌བྱེད།། དེ་ཡི་སེམས་སུ་ང་རང་གཡོ་འགུལ༌མེད། །མི་རབས་ཀུན་ཏུ་ཆག་སྒོ་མི་འབྱུང༌སྙམ།། དེ་ཡི་ཁ་རུ་དམོད་མོ་གཡོ་སྒྱུ༌དང༌། །འཇིགས་སྐུལ་བཅས་ཀྱིས་གང་ཞིང་ལྕེའི་འོག༌ཏུ། །དུག་སྐྱོན་དང་ནི་གནོད་འཚེ་རྐྱང་རྐྱང༌ཡིན།། གྲོང་ཚོ་དག་གི་ཉེ་འགྲམ་འཇབ་སྒུག༌བྱེད། །ལྐོག་གྱུར་གནས་སུ་ཉེས་མེད་སྲོག་དང༌ཕྲལ། །མིག་གིས་གོད་ཆག་ཅན་ལ་ལྐོག་ལྟ༌བགྱི།། ནགས་ཀྱི་སེང་གེ་བཞིན་དུ་ཁོ་འཇབ༌ཅིང༌། །སྐྱོ་བོ་འཛིན་པའི་ཆེད་དུ་འཇབ་སྒུག༌བྱེད། །སྐྱོ་བོ་རང་གི་རྙི་རུ་བཟུང་ནས༌འཁྱེར།། 10 རྒྱབ་བརྟེན་མེད་པ་རྡུལ་དུ་བརླགས་པ༌དང༌། །ས་རུ་འགྱེལ་ཞིང་དེ་ཡི་ལག་ཏུ༌ལྷུང༌།། 11 དེ་ཡི་སེམས་སུ་དཀོན་མཆོག་གིས་བརྗེད༌ཅིང༌། །ཞལ་ངོ་བཀབ་ནས་ནམ་ཡང་མི་གཟིགས༌ཟེར།། 12 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཉིད་བཞེང་བར་མཛོད། །ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཕྱག་ཡར་བཏེགས༌ནས། །ཉམ་ཆུང་མི་རྣམས་ཐུགས་སུ་འཛིན་དུ༌གསོལ།། 13 མི་ངན་སེམས་སུ་དཀོན་མཆོག་ཁྱད་བསད༌དེ། །ཁྱེད་ཀྱིས་རྩད་གཅོད་མི་མཛད་ཟེར་དོན༌ཅི།། 14 དོན་དུ་ཁྱེད་ཀྱིས་དེ་ནི་གཟིགས་པ༌དང༌། །དུག་སྐྱོན་ཁོང་ཁྲོ་མཐའ་དག་གཟིགས་ནས༌ནི། །དེ་ལ་ཉིད་ཀྱི་ཕྱག་གིས་ལན་འཇལ༌ལོ། །རྒྱབ་བརྟེན་མེད་པས་རང་ཉིད་ཁྱེད་ལ༌བཅོལ། །ཕ་མེད་རྣམས་ལ་སྐྱབས་མཛད་ཁྱེད་གཅིག༌ལགས།། 15 ངན་པ་དག་གི་དཔུང་པ་གཅོག་པར༌མཛོད། །དེ་ཚོའི་སྡིག་སྤྱོད་མཐའ་དག་རྩད་གཅོད༌གནོངས།། 16 རྒྱུན་ནས་རྒྱུན་དུ་ཡ་ཝཱེ་རྒྱལ་པོ༌ལགས། །ཕྱི་ཕྱོགས་པ་རྣམས་ཁོང་གི་ཡུལ་ནས༌ཡལ།། 17 ཡ་ཝཱེ་ཁྱེད་ཀྱིས་སྐྱོ་བོའི་ཡིད་སྨོན༌གསན། །དེ་ཚོར་བློ་སྟོབས་བསྐྱེད་ཅིང་གསན་པར༌མཛད།། 18 ཕ་མེད་དང་ནི་གཉའ་གནོན་འོག་ཏུ༌ནི། །གདུང་བ་རྣམས་ལ་དག་འབུད་གནང་བ༌དང༌། །ས་སྟེང་མི་ཡི་འཇིགས་སྐུལ་བཟློག་ཕྱིར༌རོ།།