གསུང་མགུར་སོ་ལྔ༌པ།
སྐྱབས་གསོལ་བའི་སྨོན་ལམ།
༼དཱ་བིད་ཀྱི་མགུར༌མ།༽ ང་དང་རྩོད་པའི་མི་རྣམས༌ལ། །ཡ་ཝཱེ་ཁྱེད་ཀྱིས་རྩོད་པར༌མཛོད། །ང་དང་འཐབ་པའི་མི་རྣམས༌ལ། །ཁྱེད་ཀྱིས་འཐབ་མོ་མཛད་དུ༌གསོལ།། ཕུབ་དང་ཕ་ལི་བསྣམས་མཛད༌དེ། །ང་ཡི་གྲོགས་སུ་བཞེང་བར་ཞུ།། མདུང་དང་དགྲ་སྟ་བཏོན་ནས༌ནི། །ང་རང་འདེད་མཁན་འགོག་པར༌མཛོད། །ཁྱོད་ཀྱི་སྐྱབས་ནི་ང་ཡིན༌ཞེས། །བདག་གི་སེམས་ལ་གསུང་དུ༌གསོལ།། ང་ཡི་སྲོག་ལ་རྔམ་མཁན༌རྣམས། །སྐྱེངས་ཤིང་ངོ་ནི་ཚ་བར༌ཤོག །ང་ལ་གནོད་སྐྱེལ་གྲོས་བྱེད༌རྣམས། །ཕམ་པར་གྱུར་ཏེ་ནོངས་པར་ཤོག། དེ་དག་རླུང་འཁྱེར་ཕུབ་མ༌ལྟར། །ཁོང་གི་ཕོ་ཉས་སྐྲོད་པར༌ཤོག། ལམ་ནི་མུན་ཞིང་འདྲེད་གྱུར༌ཅིག །ཁོང་གི་ཕོ་ཉས་འདེད་པར༌ཤོག། དེ་ཚོས་དོན་མེད་ང་ཡི༌ཕྱིར། །རྙི་རྒྱ་བཙུགས་ཤིང་རྒྱུ་མེད༌པར། །ངའི་སྲོག་ལེན་ཕྱིར་དོང་བྲུས༌མྱོང༌།། དེ་ཚོར་ཆག་སྒོ་ཐོལ་གྱིས༌འབྱུང༌། །རང་གིས་བཙུགས་པའི་རྙི་རུ༌འཚུད། །དེའི་ནང་ལྷུང་ནས་འཕུང་གྱུར༌ཅིག། ངའི་སེམས་ཡ་ཝཱེའི་ནང་དགའ༌ཞིང༌། །ཁོང་གི་སྐྱབས་ནང་སྤྲོ་བར༌འགྱུར།། 10 སྟོབས་ལྡན་དག་ནས་དབུལ་པོ༌སྐྱོབ། །དབུལ་ཕོངས་ནོར་མེད་ཇག་པ༌ལས། །ཐར་བར་མཛད་མཁན་ལགས་པ༌ཡི། །ཡ་ཝཱེ་ཁྱེད་འདྲ་སུ་ཡོད༌ཅེས། །ང་ཡི་རུས་པ་ཀུན་གྱིས༌ཞུ།། 11 དཔང་པོ་གདུག་རྩུབ་ཅན་ལངས༌ནས། །ང་ལ་རྒྱུས་མེད་གཏམ་དག༌འདྲི།། 12 དེ་ཚོས་བཟང་ལན་ངན་འཇལ༌གྱིས། །ངའི་སེམས་ཕམ་ཞིང་ཁེར་རྐྱང༌ལུས།། 13 ཁོ་རྣམས་ན་དུས་ང་ཡིས༌ནི། །སྡུག་གོས་གྱོན་ཏེ་སྨྱུང་གནས༌བསྲུངས། །རང་སེམས་བཏུལ་ཞིང་སྨོན་ལམ༌ནི། །ཡང་ནས་ཡང་དུ་བཏབ་པ༌ཡིན།། 14 དེ་ཚོར་གྲོགས་དང་སྤུན་ལྟར༌བྱམས། །མའི་ཕྱིར་མྱ་ངན་བྱེད་པ༌ལྟར། །མགོ་བོ་བསྒུར་ནས་སྡུག་བསྔལ༌བྱས།། 15 འོན་ཀྱང་ང་རང་འཁྱོར་དུས༌སུ། །དེ་རྣམས་སྤྲོ་ཞིང་ལྷན་དུ༌འཚོགས། །རྒྱུས་མེད་འདུས་ནས་ང་ལ༌རྒོལ། །རྒྱུན་ཆད་མེད་པར་བརྙས་བཅོས༌བཏང༌།། 16 མགྲོན་དུ་རྩུབ་མོ་ཚིག་གིས༌འཕྱས། །དེ་ཚོས་ང་ལ་སོ་ཡང༌འཆོས།། 17 གཙོ་བོ་ནམ་ཞིག་བར་དུ༌གཟིགས། །བདག་སེམས་དེ་ཚོའི་གནོད་འཚེ༌དང༌། །གཅེས་སྲོག་སེང་དར་ལས་སྐྱོབ༌རོགས།། 18 ཚོགས་ཆེན་ནང་དུ་གཏང་རག༌འབུལ། །མི་མང་ཁྲོད་དུ་ཁྱེད་ལ༌བསྟོད།། 19 དོན་མེད་ངའི་དགྲར་གྱུར་པ༌རྣམས། །ཁྲེལ་དགོད་བྱེད་པར་མ་གནང༌ཞིག །རྐྱེན་མེད་བདག་ལ་སྡང་བ༌དག །ང་ལ་སྡང་མིག་བགྲད་མ༌འཇུག། 20 དེ་ཚོས་ཞི་མཐུན་མི་གླེང༌ཁར། །ཡུལ་དེའི་ཞི་འཇམ་མི་རྣམས༌ལ། །འཚེ་ཕྱིར་གཡོ་སྒྱུའི་སྦྱོར་བ༌སྤེལ།། 21 ཁ་ཆེར་གདངས་ཏེ་ང་ལ་རྒོལ། །ཨ་ཧ་ཨ་ཧ་ངེད་ཅག༌གི །མིག་གིས་མཐོང་བྱུང་ཞེས་སྨྲས༌སོ།། 22 ཡ་ཝཱེ་ཁྱེད་ཀྱིས་དེ་གཟིགས༌ཡོད། །ཁྱེད་རང་ཞལ་རོག་མི་བཞུགས༌མཁྱེན། །ང་དང་ཉེ་བར་བཞུགས་པར༌མཛོད།། 23 ང་ཡི་དཀོན་མཆོག་ངའི་གཙོ༌བོ། །ཐུགས་མཉམ་བཞག་ནས་ཡར་བཞེངས༌ཏེ། །དག་འབུད་དང་ནི་ཁྲིམས་གཅོད༌གནོངས།། 24 ང་ཡི་དཀོན་མཆོག༌ཡ་ཝཱེ་ལགས། །དྲང་བདེན་ངང་ནས་ཁྲིམས་གཅོད༌རོགས། །ངོམ་སོ་སྟོན་པར་མི་མཛད༌རོགས།། 25 དེ་ཚོའི་སེམས་སུ་ཀྱེ་མ༌ཧོ། །ཏག་ཏག་ང་ཡི་འདོད་སྟེང༌བབས། །ཞེས་སུ་སྙམ་དུ་མི་མཛད༌རོགས། །ང་ཚོས་ཁོ་རང་ཁྱུར་མིད༌བཏང༌། །ཞེས་ཀྱང་སྨྲ་བར་མི་འཇུག༌མཁྱེན།། 26 ང་རང་སྡུག་དུས་དགའ་མཁན༌རྣམས། །ངོ་ནི་ཚ་ཞིང་ནོངས་པར་ཤོག །བདག་ལ་ངོམ་སོ་སྟོན་མཁན༌རྣམས། །དམའ་འབེབས་ངོ་ཚས་ཁེབས་གྱུར༌ཅིག། 27 ང་ཡི་དག་འབུད་ལ་དགའ༌མཁན། །སྤྲོ་ཞིང་ཀི་སྒྲ་བསྒྲག་པར༌ཤོག །ཉིད་ཀྱི་ཞབས་ཕྱི་བདེ་བ༌ལ། །མཉེས་པའི་ཡ་ཝཱེར་བསྟོད་ཅིག༌ཅེས། །དེ་ཚོས་དུས་རྒྱུན་སྨྲ་བར༌ཤོག། 28 དེ་ནས་བདག་གི་ལྕེ་ཡིས༌ནི། །ཁྱེད་ཀྱི་དྲང་བ་གཏམ་དུ༌བྱེད། །ཉི་མ་གང་པོར་ཁྱེད་ལ༌བསྟོད།།