གསུང་མགུར་དོན་བརྒྱད༌པ།
དཀོན་མཆོག་དང་ཁོང་གི་མི་རྣམས།
1 ༼ཨ་སབ་ཀྱི་བསླབ་བྱའི་མགུར༌མ།༽ ཀྱེ་ངའི་མི་རྣམས་ང་ཡི་བསླབ་བྱར༌ཉོན། །བདག་གི་སྨྲ་སྒོའི་གཏམ་ལ་རྣ་བ༌གཏོད།། 2 དཔེ་དང་བཅས་ཏེ་བདག་གིས་ངག་ཕྱེ་ཞིང༌། །གནའ་བོའི་གབ་ཚིག་རྣམས་ནི་ང་ཡིས༌བརྗོད།། 3 དེ་རྣམས་ང་ཚོས་ཐོས་ཤིང་ཤེས་པ༌སྟེ། །མེས་པོ་རྣམས་ཀྱིས་ང་ཚོར་སྨྲས་པ༌ལགས།། 4 དེ་ཚོའི་བུ་རྒྱུད་རྣམས་ལ་མི་གསང༌ཞིང༌། །ཡ་ཝཱེའི་བསྟོད་པར་འོས་པའི་མཛད་པ༌དང༌། །མཐུ་སྟོབས་དང་ནི་ངོ་མཚར་འཕྲིན་ལས༌རྣམས། །མི་རབས་རྗེས་མ་དག་ལ་འཆད་པར༌བྱ།། 5 ཁོང་གིས་ཡ་ཀོབ་ལ་ནི་དཔང་ཡིག་བཙུགས། །ཡེས་ར་ཨེལ་ནང་བཀའ་ཁྲིམས་གཏན་ལ༌ཕབ། །དེའི་སྐོར་ཁོང་གིས་རང་ཅག་ཕ་མེས༌ལ། །བུ་རྒྱུད་རྣམས་ལ་སློབ་པའི་བཀའ་ཡང༌གནང༌།། 6 དེ་ནི་སྐྱེ་བར་ངེས་པའི་མི་རབས༌ཏེ། །བུ་རྒྱུད་རྣམས་ཀྱིས་ཤེས་ནས་ཡར་ལངས༌ཏེ། །བུ་ཕྲུག་རྣམས་ལ་དེ་རྣམས་འཆད་ཕྱིར༌དང༌།། 7 དེ་ཚོས་དཀོན་མཆོག་ལ་ནི་རེ་བ༌བསྐྱེད། །དཀོན་མཆོག་མཛད་པ་རྣམས་ནི་མི་བརྗེད༌ཅིང༌། །ཁོང་གི་བཀའ་རྒྱ་རྣམས་ཀྱང་བསྲུང་བ༌དང༌།། 8 དཀོན་མཆོག་དྲུང་དུ་དད་པ་མི་བརྟན༌པའི། །ཕ་མེས་ལྟར་དུ་གཤིས་གྱོང་ངོ་ལོག༌ཅིང༌། །དཀོན་མཆོག་ཉིད་ལ་བློ་གཏད་མི་བཅོལ༌བའི། །མི་རབས་ཤིག་ལ་འགྱུར་བར་མི་བྱ༌ཕྱིར།། 9 ཨེ་ཕཱར་ཡིམ་གྱི་བུ་རྒྱུད་དམག་ཆས༌སྤྲས། །གཞུ་མོ་ཁུར་ཡང་འཐབ་མོའི་ཉིན་སླེབས༌དུས། །ཁ་ཕྱིར་འཁོར་ནས་ཕྱི་བསྣུར་རྒྱག་པ༌ཡིན།། 10 དེ་ཚོས་དཀོན་མཆོག་ཞལ་ཆད་མ་བསྲུངས༌ཏེ། །ཁོང་གི་བཀའ་ཁྲིམས་ཀྱང་ནི་བསྲུང་བ༌མེད།། 11 ཁོང་གིས་དེ་ཚོར་བསྟན་པའི་འཕྲིན་ལས༌དང༌། །མཛད་པ་ངོ་མཚར་ཅན་རྣམས་བརྗེད་གྱུར༌ཏོ།། 12 ཨེ་ཅིབ་ཡུལ་དང་ཚོ་ཨན་མངའ་ཁོངས༌སུ། །མེས་པོའི་མདུན་དུ་ངོ་མཚར་ཅན་རྣམས༌མཛད།། 13 རྒྱ་མཚོ་གཤགས་ནས་དེ་རྣམས་ཕ་རོལ༌དྲངས། །ཆུ་རྣམས་རྩིག་པ་ལྟར་དུ་ཀྲོང་ངེར༌བསླངས།། 14 ཁོང་གིས་དེ་རྣམས་ཉིན་དཀར་སྤྲིན་པ༌དང༌། །མཚན་གང་མེ་འོད་ཀྱིས་ནི་ལམ་སྟོན༌མཛད།། 15 དབེན་སྟོང་གནས་སུ་བྲག་རྡོ་གཤགས་མཛད༌ཅིང༌། །མཚོ་ལས་ཐོན་འདྲའི་ཆུ་མང་དེ་ཚོར༌གནང༌།། 16 ཁོང་གིས་བྲག་རྡོའི་གསེབ་ནས་ཆུ་བོ༌བཏོན། །ཆུ་རྣམས་གཙང་པོ་ནང་ལྟར་བཞུར་བར༌མཛད།། 17 འོན་ཀྱང་དེ་ཚོས་སྔར་བཞིན་ཁོང་ཉིད༌དང༌། །འགལ་བའི་སྡིག་པ་བྱེད་ཀྱིན་དབེན་སྟོང༌དུ། །བླ་ན་མེད་པ་ཉིད་ལ་གྱེན་ལོག༌བྱས།། 18 དེ་ཚོའི་སེམས་སུ་དཀོན་མཆོག་ཐུགས་ནི༌སད། །རང་འདོད་བཞིན་དུ་ཁ་ཟས་གནང་བར༌ཞུས།། 19 དཀོན་མཆོག་ཁོང་ལ་སྐུར་བ་བཏབ་ནས༌ནི། །དབེན་སྟོང་ཡུལ་དུ་གསོལ་ལྕོག་བཤམ་ནུས༌སམ།། 20 ལྟོས་ཤིག་ཁོང་གིས་བྲག་ལ་བརྡུངས་པ༌དང༌། །ཆུ་རྣམས་ཐོན་ཏེ་ཆུ་རྒྱུན་འབབ་པར༌གྱུར། །ཁོང་གིས་ད་དུང་བག་ལེབ་གནང་ནུས༌སམ། །འབངས་ལ་ཤ་ནི་གནང་ངམ་ཞེས་སྨྲས༌པར།། 21 ཡ་ཝཱེས་གསན་ནས་ཐུགས་ནི་རབ་ཁྲོས༌ཏེ། །ཁོང་གི་མེ་དཔུང་ཡ་ཀོབ་ཕྱོགས་སུ༌འབར། །ཁོང་གི་ཐུགས་ཁྲོ་ཡེས་ར་ཨེལ་སྟེང༌བབས།། 22 རྒྱུ་མཚན་དཀོན་མཆོག་ཉིད་ལ་མ་དད༌ཅིང༌། །ཁོང་གི་སྐྱབས་ལ་བློ་ཡང་མ་གཏད༌དོ།། 23 འོན་ཀྱང་ཁོང་གིས་གནམ་ལ་བཀའ་བསྩལ༌ཅིང༌། །ནམ་མཁའི་སྒོ་རྣམས་ཕྱེ་བར་མཛད་པ༌དང༌།། 24 བཟའ་ཕྱིར་དེ་ཚོར་མཱན་ན་ཆར་བཞིན༌ཕབ། །ནམ་མཁའི་འབྲུ་རྣམས་དེ་ཚོར་གནང་བ་ཡིན།། 25 མི་ཡིས་ཕོ་ཉ་རྣམས་ཀྱི་བག་ལེབ༌ཟོས། །ཁ་ཟས་གནང་ནས་ཁོ་རྣམས་འགྲང་བར༌མཛད།། 26 ཁོང་གིས་ནམ་མཁར་ཤར་རླུང་གཡུག་ཏུ༌བཅུག །ཁོང་གི་སྟོབས་ཀྱིས་ལྷོ་རླུང་འདྲེན་པར༌མཛད།། 27 ཐང་གི་ས་རྡུལ་བཞིན་དུ་ཤ་ཕབ༌ཅིང༌། །རྒྱ་མཚོའི་བྱེ་མ་ལྟ་བུར་འདབ་ཆགས༌ཕབ།། 28 ཁོང་གིས་དེ་རྣམས་སྒར་གྱི་ནང་རོལ༌དང༌། །གུར་གྱི་ཕྱོགས་བཞིར་ཕབ་པར་མཛད་པ༌ལགས།། 29 དེ་ལྟར་དེ་ཚོས་ཟོས་ནས་ཤིན་ཏུ༌འགྲངས། །དེ་ཚོའི་འདོད་པ་ཁོང་གིས་བསྐངས་པ༌ཡིན།། 30 དེ་ཚོའི་འདོད་པ་མ་གང་སྔོན་རོལ༌ལ། །ཁ་རུ་ད་དུང་ཁ་ཟས་ཡོད་པའི༌ཚེ།། 31 དཀོན་མཆོག་དེ་ཚོར་རབ་ཏུ་ཐུགས་ཁྲོས༌ནས། །དེ་ཚོའི་ཤེད་ཤུགས་ཅན་རྣམས་བསད་པ༌དང༌། །ཡེས་ར་ཨེལ་གྱི་ན་གཞོན་རྣམས་བརྡབས༌སོ།། 32 དེ་ཀུན་སྟེང་དུ་སྡིག་པ་བྱེད་ཀྱིན༌དུ། །ཁོང་གི་ངོ་མཚར་མཛད་པར་མ་དད༌དོ།། 33 དེའི་ཕྱིར་དེ་རྣམས་མི་ཚེ་དོན་མེད༌དང༌། །ལོ་རྣམས་འཇིགས་སྐྲག་ནང་དུ་རྫོགས་པར༌མཛད།། 34 ཁོང་གིས་གསོད་དུས་དེ་ཚོས་ཁོང་འཚོལ༌ཞིང༌། །བློ་ཁ་ཕྱོགས་ཏེ་སེམས་ནས་དཀོན་མཆོག༌བཙལ།། 35 ཁོང་ཉིད་རང་གི་བྲག་རྡོ་ཡིན་པ༌དང༌། །བླ་མེད་དཀོན་མཆོག་སྐྱོབ་མཁན་ཡིན་པ༌དྲན།། 36 འོན་ཀྱང་ཁ་ནས་ཁོང་ལ་ངོ་བསྟོད༌བྱེད། །ལྕེ་ཡིས་ཁོང་ལ་རྫུན་གཏམ་ཞུ་བ༌སྟེ།། 37 དེ་རྣམས་དཀོན་མཆོག་ལ་ནི་སེམས་མི༌བརྟན། །ཁོང་གི་ཞལ་ཆད་ལ་ཡང་བློ་མི༌དཀར།། 38 འོན་ཀྱང་ཁོང་ནི་སྙིང་རྗེ་ཅན་ལགས༌པས། །སྡིག་ཉེས་བསལ་ཞིང་ཁོ་རྣམས་ཚར་མ༌བཅད། །ལན་མང་རང་གི་ཐུགས་ཁྲོ་བཟོད་བསྲན༌གྱིས། །ཉིད་ཀྱི་ཐུགས་ཁྲོ་ཡོངས་རྫོགས་ཐོན་མ༌བཅུག། 39 རླུང་ནི་གཡུག་ཅིང་ཕྱིར་ལོག་མེད་པ༌ལྟར། །དེ་རྣམས་ལུས་ཅན་འབའ་ཞིག་ཡིན་པ༌དྲན།། 40 རེབ་ཐེངས་ཅི་ཙམ་དེ་ཚོས་དབེན་སྟོང༌དུ། །ཁོང་ལ་གྱེན་ལོག་བྱས་ཤིང་ཐང་སྟོང༌དུ། །ཁོང་གི་ཐུགས་དགོངས་ག་ཙམ་དཀྲུགས་པ༌ཡིན།། 41 དེ་ཚོས་དཀོན་མཆོག་ཐུགས་ནི་ཡང་ཡང༌སད། །ཡེས་ར་ཨེལ་གྱི་དམ་པར་ཐུགས་ཁྲོ༌བསླངས།། 42 ཁོང་གི་ནུས་མཐུ་དྲན་པར་མ་གྱུར༌ཏེ། །ཁོ་རྣམས་དགྲ་ལས་ཐར་བར་མཛད་པའི༌ཉིན།། 43 ཁོང་གིས་རང་གི་གྲུབ་རྟགས་ཨེ་ཅིབ༌དང༌། །ཚོ་ཨན་ཐང་དུ་ངོ་མཚར་དོན་རྣམས༌མཛད།། 44 དེ་ཚོའི་གཙང་པོ་རྣམས་ནི་ཁྲག་ཏུ༌བསྒྱུར། །ཆུ་བོ་རྣམས་ལས་དེ་ཚོས་འཐུང་མ༌ནུས།། 45 སྦྲང་ནག་དེ་ཚོར་བཏང་ནས་ཁོ་རྣམས༌ཟོས། །སྦལ་བ་བཏང་ནས་དེ་དག་རྩ་ནས༌བརླགས།། 46 དེ་ཚོའི་སྟོན་ཐོག་ཨ་ཚག་ཚག་པར༌གནང༌། །དེ་ཚོའི་འཐོབ་བྱ་ཆ་ག་འབུ་ལ༌སྤྲད།། 47 དེ་ཚོའི་རྒུན་ཤིང་སེར་བས་བརྡུངས་པ༌དང༌། །འོ་སེ་ཤིང་རྣམས་སད་ཀྱིས་འཇོམས་པར༌མཛད།། 48 ཁོང་གིས་དེ་ཚོའི་ཕྱུགས་རྣམས་སེར་བ༌དང༌། །ལུག་གི་ཁྱུ་རྣམས་གློག་དམར་དབང་དུ༌བཏང༌།། 49 ཁོང་གིས་ཐུགས་ཁྲོ་ཆེན་པོ་གཏུམ་དྲག༌དང༌། །ཞེ་སྡང་དང་ནི་སྡུག་བསྔལ་ལ་སོགས༌པ། །གནོད་པའི་ཕོ་ཉའི་དཔུང་དུ་ཕབ་པར༌མཛད།། 50 ཁོང་གི་ཐུགས་ཁྲོའི་ཕྱིར་དུ་ལམ་ཡང༌མཛད། །དེ་རྣམས་འཆི་བ་ལས་ཀྱང་མ་བསྐྱབས༌པར། །དེ་ཚོའི་སྲོག་ནི་ནད་ཡམས་ལ་གཏད༌དོ།། 51 ཨེ་ཅིབ་ཡུལ་དུ་སྐྱེས་འགོ་ཐམས་ཅད༌བསད། །ཧཱམ་ * འདིར་ཧཱམ་ཞེས་པ་ནི་ཨེ་ཅིབ་པ་རྣམས་ཀྱི་མེས་པོ༌ཡིན།གྱི་གུར་རྣམས་ནང་དུ་དེ་དག༌གི །སྟོབས་ཀྱི་ཐོག་མ་ † འདིར་སྟོབས་ཀྱི་ཐོག་མ་ཞེས་པ་ནི་བུ་སྐྱེས་འགོ་ལ་གོ་བ༌ཡིན།ཡིན་པ་གསོད་པར༌མཛད།། 52 འོན་ཀྱང་ཉིད་ཀྱི་མི་རྣམས་ལུག་ལྟར༌ཁྲིད། །དབེན་སྟོང་ཡུལ་དུ་ཕྱུགས་ཁྱུ་བཞིན་དུ༌ཁྲིད།། 53 བདེ་བར་ཁྲིད་པས་དེ་དག་མ་འཇིགས༌ཤིང༌། །དགྲ་བོ་རྣམས་ནི་རྒྱ་མཚོས་བསྣུབས་པར༌མཛད།། 54 ཁོང་གིས་དེ་རྣམས་ཁྲིད་ནས་ཁོང་ཉིད༌ཀྱི། །དམ་པའི་གནས་ཀྱི་ས་མཚམས་དག་ལ༌སླེབས། །ཕྱག་གཡས་ཀྱིས་ནི་བླངས་པའི་རི་ཁུལ༌ཡིན།། 55 དེ་དག་མདུན་ནས་ཕྱི་ཕྱོགས་མི་རྣམས༌བསྐྲད། །ཐག་པས་འཇལ་ནས་ས་སྐལ་དེ་ཚོར༌བགོས། །ཡེས་ར་ཨེལ་གྱི་ཚོ་པ་ཁག་གི༌མི། །རང་རང་གུར་ནང་གནས་སུ་བཅུག་མོད༌ཀྱང༌།། 56 དེ་ཚོས་སྔར་བཞིན་དཀོན་མཆོག་ཐུགས་སད༌ནས། །བླ་ན་མེད་པ་ཁོང་ལ་གྱེན་ལོག༌བྱས། །ཁོང་གི་སྒྲིག་ཁྲིམས་ཡང་ནི་མ་བརྩིས༌པར།། 57 ཕྱི་བསྣུར་བྱས་ནས་གཡོ་སྒྱུ་སྤེལ་བ༌སྟེ། །རང་གི་ཕ་མེས་རྣམས་དང་འདྲ་བར༌བྱས། །གཞུ་མོ་སྐྱོན་ཅན་བཞིན་དུ་དེ་རྣམས༌གྱུར།། 58 ཁོ་ཚོའི་མཐོ་གླིང་རྣམས་དང་བརྐོས་སྐུ༌ཡིས། །ཁོང་ལ་ཐུགས་ཁྲོ་བསླངས་ཤིང་ཕྲག་དོག༌བསྐྱེད།། 59 དཀོན་མཆོག་ཉིད་ཀྱིས་གསན་དུས་ཐུགས་ཁྲོས༌ཤིང༌། །ཡེས་ར་ཨེལ་ནི་གཞི་ནས་དོར་བར༌མཛད།། 60 དེ་ལྟར་མིའི་ཁྲོད་ཕུབ་པའི་གཟིམ་གུར༌རམ། །ཞི་ལོའི་གདན་ས་ཁོང་གིས་སྤངས་མཛད༌དེ།། 61 ཁོང་གིས་ཉིད་ཀྱི་མཐུ་སྟོབས་མཚོན་པ༌ཡི། །ཞལ་ཆད་ཤུར་སྒམ་བཙོན་པར་བཏང་བ༌དང༌། །ཉིད་ཀྱི་གཟི་དཔལ་དགྲ་བོའི་ལག་ཏུ༌གཏད།། 62 ཁོང་གི་འབངས་མི་རལ་གྲིར་གཏད་པ༌དང༌། །ཉིད་ཀྱི་ནོར་སྐལ་ལ་ཡང་ཐུགས་ཁྲོས༌སོ།། 63 དེ་ཚོའི་གཞོན་ནུ་རྣམས་ནི་མེས་བསྲེགས་ཤིང༌། །ན་ཆུང་རྣམས་ལ་སྟོན་མོའི་མགུར་ཡང༌མེད།། 64 མཆོད་དཔོན་རྣམས་ནི་རལ་གྲིས་བསད་ན༌ཡང༌། །ཡུགས་མོ་རྣམས་ཀྱིས་མྱ་ངན་མ་བྱས༌སོ།། 65 དེ་ནས་གཙོ་བོ་མནལ་ལས་བཞེངས་འདྲ༌འམ། །རྒུན་ཆང་དབང་གིས་དཔའ་བོས་ཀི་སྒྲོག༌བཞིན།། 66 དགྲ་བོ་རྣམས་ལ་བརྡུངས་ནས་བཟློགས་པ༌དང༌། །དེ་རྣམས་གཏན་གྱི་ངོ་ཚའི་ནང་དུ༌བཅུག། 67 ཡོ་སེབ་གུར་རྣམས་ཁོང་གིས་བསྐྱུར་བར༌བྱས། །ཨེ་ཕཱར་ཡིམ་གྱི་ཚོ་པ་མ་འདེམ་པར།། 68 གཅེས་པར་འཛིན་པའི་ཛ་ཡན་རི་བོ༌སྟེ། །ཡ་ཧུ་དཱ་ཡི་ཚོ་པ་འདེམ་པར༌མཛད།། 69 རྟག་ཏུ་གནས་པར་བཀོད་པའི་ས་གཞི༌ལྟར། །རི་རྣམས་འདྲ་བར་གནས་ཀྱི་མཆོག་བཞེངས༌སོ།། 70 ཉིད་ཀྱི་ཞབས་ཕྱི་དཱ་བིད་འདེམ་པར༌མཛད། །ལུག་ར་དག་ལས་དེ་ལ་ཞལ་འབོད༌གནང༌།། 71 ཉིད་ཀྱི་འབངས་མི་ལགས་པའི་ཡ་ཀོབ༌དང༌། །ནོར་སྐལ་ཡིན་པའི་ཡེས་ར་ཨེལ་འཚོ༌ཕྱིར། །མ་མོ་འོ་མ་ཅན་གྱི་རྗེས་ནས༌བླངས།། 72 སེམས་རྒྱུད་དྲང་པོས་དེ་རྣམས་འཚོས་པ༌དང༌། །ལག་གི་རྩལ་གྱིས་དེ་ཚོར་ཁྲིད་སྟོན༌བྱས།།
*གསུང་མགུར་དོན་བརྒྱད༌པ།:51 འདིར་ཧཱམ་ཞེས་པ་ནི་ཨེ་ཅིབ་པ་རྣམས་ཀྱི་མེས་པོ༌ཡིན།
†གསུང་མགུར་དོན་བརྒྱད༌པ།:51 འདིར་སྟོབས་ཀྱི་ཐོག་མ་ཞེས་པ་ནི་བུ་སྐྱེས་འགོ་ལ་གོ་བ༌ཡིན།