གསུང་མགུར་བརྒྱ་དང་བཅོ་ལྔ༌པ།
གཅིག་ལས་གཉིས་མེད་ཀྱི་དཀོན་མཆོག་བདེན་པ།
1 ཀྱེ་ཀྱེ་ཡ་ཝཱེ་གཟི་བརྗིད་ངེད་རྣམས༌ལ། །གནང་བར་མ་མཛད་ངེད་ལ་གནང་མ༌མཛད། །ཁྱེད་ཀྱི་བྱམས་བརྩེ་དང་ནི་དྲང་བདེན༌ཕྱིར། །ཉིད་ཀྱི་མཚན་ལ་སྙན་གྲགས་གནང་དུ༌གསོལ།། 2 ཁོ་ཚོའི་དཀོན་མཆོག་གང་དུ་ཡོད་དམ༌ཞེས། །མི་རིགས་གཞན་ལ་སྨྲ་བར་མཛད་དོན༌ཅི།། 3 ང་ཚོའི་དཀོན་མཆོག་ནམ་མཁར་བཞུགས་ལགས༌ཤིང༌། །ཁོང་ཉིད་ཅི་ལ་དགྱེས་ན་དེ་བཞིན༌མཛད།། 4 དེ་ཚོའི་ལྷ་སྐུ་དག་ནི་གསེར་དང༌དངུལ། །དེ་ནི་མི་ཡི་ལག་པས་བཟོས་པ༌དང༌།། 5 སྨྲ་སྒོ་ཡོད་ཀྱང་དེ་དག་གཏམ་མི༌ལབ། །མིག་ནི་ཡོད་ཀྱང་དེ་རྣམས་མཐོང་བ༌མིན།། 6 རྣ་བ་ཡོད་ཀྱང་དེ་རྣམས་ཐོས་མི་ཐུབ། །སྣ་བུག་ཡོད་ཀྱང་དྲི་མ་བསྣོམ་མི༌བྱེད།། 7 ལག་པ་ཡོད་ཀྱང་རེག་པར་མི་ནུས༌ཤིང༌། །རྐང་པ་ཡོད་ཀྱང་འགྲུལ་བར་མི་བྱེད༌ལ། །དེ་དག་མགྲིན་པ་ལས་ཀྱང་ངག་མི༌ཐོན།། 8 ལྷ་སྐུ་བཟོ་མཁན་ལྷ་སྐུ་དང་མཚུངས༌ཤིང༌། །དེ་ལ་བརྟེན་པ་རྣམས་ཀྱང་དེ་བཞིན༌ནོ།། 9 ཡེས་ར་ཨེལ་ཁྱོད་ཡ་ཝཱེར་བརྟེན་པར༌གྱིས། །ཁོང་ནི་དེ་ཚོའི་ཕུབ་དང་རོགས་རམ་ཡིན།། 10 ཨ་རོན་ཁྱིམ་རྒྱུད་ཡ་ཝཱེར་བློ་གཏོད༌ཅིག །ཁོང་ནི་དེ་ཚོའི་ཕུབ་དང་རོགས་རམ་ཡིན།། 11 ཀྱེ་ཀྱེ་ཡ་ཝཱེར་གུས་ཤིང་འཇིགས་པ༌རྣམས། །ཁྱོད་ཚོས་ཡ་ཝཱེར་བློ་གཏད་བཅོལ་དགོས༌ཏེ། །ཁོང་ནི་དེ་ཚོའི་ཕུབ་དང་རོགས་རམ་ཡིན།། 12 ཡ་ཝཱེས་རང་ཅག་ཐུགས་སུ་དྲན་ནས༌ནི། །ང་ཚོར་བྱིན་རླབས་གནང་བར་གདོན་མི༌ཟ། །ཡེས་ར་ཨེལ་ལ་བྱིན་རླབས་གནང་བར༌འགྱུར། །ཨ་རོན་ཁྱིམ་ལའང་བྱིན་རླབས་གནང་བར༌འགྱུར།། 13 ཡ་ཝཱེར་གུས་ཤིང་འཇིགས་པར་བྱེད་པ༌ཡི། །ཆེ་ཆུང་མཆོག་དམན་ཀུན་ལ་བྱིན་གྱིས༌བརླབ།། 14 ཡ་ཝཱེས་ཁྱོད་རྣམས་འཕེལ་བར་མཛད་པ༌དང༌། །ཁྱོད་དང་ཁྱོད་ཀྱི་བུ་རྒྱུད་སྤེལ་བར༌མཛོད།། 15 གནམ་ས་གཉིས་ཀྱི་བྱེད་པོ་ཡ་ཝཱེ༌ཡི། །བྱིན་རླབས་ཁྱོད་ཚོར་འཐོབ་པར་གྱུར་ཅིག༌གུ། 16 ནམ་མཁའི་དབྱིངས་རྣམས་ཡ་ཝཱེའི་ཡིན་མོད༌ཀྱང༌། །ས་གཞི་ཁོང་གིས་འཇིག་རྟེན་མི་ལ༌གནང༌།། 17 གཤིན་པོ་རྣམས་དང་གཤིན་ཡུལ་བབས་པ༌ཡིས། །ཡ་ཝཱེར་བསྟོད་བསྔགས་བརྗོད་པར་ནུས་མ༌ཡིན།། 18 དེ་ཡང་ད་ལྟའི་དུས་ནས་ཇི་སྲིད༌བར། །ང་ཚོས་ཡ་ཝཱེར་བསྟོད་པ་འབུལ་བར༌བྱ། །ཁྱོད་ཚོས་ཡ་ཝཱེར་བསྟོད་པར་གྱིས་ཤིག༌ཨང༌།།