ལེའུ་ཉེར་གཉིས་པ།
ཚེ་སྲོག་གི་གཙང་པོ།
1 དེ་ནས་ཕོ་ཉས་ཚེ་སྲོག་དང་ལྡན་པའི་ཆུ་ཡི་གཙང་པོ་ཞིག་བདག་ལ་བསྟན་ཅིང་། དེ་ནི་ཆུ་ཤེལ་ལྟར་དྭངས་ཤིང་གསལ་བ་དང་། དཀོན་མཆོག་དང་ལུ་གུའི་བཞུགས་ཁྲི་ནས་བཞུར་ཡོང་བ་དང་། 2 གྲོང་ཁྱེར་ནང་གི་སྲང་ལམ་གྱི་དཀྱིལ་དུ་བཞུར་ཅིང་། གཙང་པོའི་འགྲམ་གཉིས་སུ་ཚེ་སྲོག་གི་ལྗོན་ཤིང་ཡོད་ལ། འབྲས་བུ་སྣ་ཁ་བཅུ་གཉིས་ཐོགས་པ་དང་། ཟླ་བ་རེ་རེར་འབྲས་བུ་སྨིན་པ་དང་། སྡོང་ལོ་ནི་མི་རིགས་ཐམས་ཅད་གསོ་བའི་ཕྱིར་ཡིན་ནོ།། 3 ཡང་དུས་དེ་ནས་བཟུང་དམོད་པ་མེད་པར་གྱུར་པ་ཡིན། གྲོང་ཁྱེར་ནང་དུ་དཀོན་མཆོག་དང་ལུ་གུའི་བཞུགས་ཁྲི་ཡོད་པ་དང་། ཁོང་གི་ཞབས་ཕྱི་པ་རྣམས་ཀྱིས་ཁོང་ལ་བསྙེན་བཀུར་འབུལ་ཞིང་། 4 ཁོང་གི་ཞལ་རས་ཀྱང་མཐོང་བར་འགྱུར་བ་དང་། དེ་རྣམས་ཀྱི་དཔྲལ་བར་ཁོང་གི་མཚན་འགོད་པ་ཡིན་ནོ།། 5 མཚན་མོ་ཡོད་པར་མི་འགྱུར་ཏེ། གཙོ་བོ་དཀོན་མཆོག་གིས་ཁོ་རྣམས་ལ་འོད་ཟེར་སྤྲོ་བར་འགྱུར་བས། ཁོ་རྣམས་ལ་སྒྲོན་མེའི་འོད་ཟེར་དང་ཉི་འོད་མི་མཁོའོ།། ཁོ་རྣམས་ཀྱིས་ནམ་ཡང་སྲིད་དབང་བསྐྱང་བར་འགྱུར་རོ།།
6 ཡང་ཕོ་ཉས་བདག་ལ་འདི་སྐད་དུ། བཀའ་འདི་རྣམས་ནི་ཡིད་རྟོན་རུང་བ་དང་བདེན་པ་ཡིན་ནོ།། གཙོ་བོ་སྟེ་ལུང་སྟོན་པ་དག་གི་སེམས་ཉིད་ཀྱི་དཀོན་མཆོག་གིས་ཁོང་གི་ཕོ་ཉ་མངགས་ཏེ། མྱུར་དུ་འབྱུང་དགོས་པའི་དོན་རྣམས་ཁོང་ཉིད་ཀྱི་ཞབས་ཕྱི་པ་རྣམས་ལ་སྟོན་པའི་ཕྱིར་ཡིན་ཞེས་གསུངས་སོ།།
སྐྱབས་མགོན་ཡེ་ཤུ་མྱུར་དུ་ཕེབས་ངེས་པ།
7 ལྟོས་དང་། བདག་ནི་མྱུར་དུ་ཡོང་ངེས་སོ།། མདོ་འདིའི་ལུང་བསྟན་སྲུང་མཁན་རྣམས་བྱིན་རླབས་ཅན་ཡིན་ཞེས་གསུངས་སོ།།
8 དོན་འདི་དག་ནི་ཡོ་ཧ་ནན་ངས་ཐོས་ཤིང་མཐོང་བ་རྣམས་ཡིན་ནོ།། བདག་གིས་མཐོང་ཐོས་སུ་གྱུར་ཏེ་རང་ལ་སྟོན་མཁན་ཕོ་ཉའི་ཞབས་དྲུང་དུ་ཕྱག་བཙལ་ནས་ཁོང་ལ་བསྟོད་བསྔགས་བརྗོད་པར་རྩོམ་པ་ན། 9 ཁོང་གིས་བདག་ལ་འདི་སྐད་དུ། དེ་ལྟར་བྱེད་ག་ལ་རུང་། ང་ནི་ཁྱོད་དང་ཁྱོད་ཀྱི་སྤུན་ལུང་སྟོན་པ་རྣམས་དང་། མདོ་འདིའི་བཀའ་སྲུང་མཁན་ཐམས་ཅད་ལྷན་ཅིག་ཞབས་ཕྱི་པ་ཡིན་པས། ཁྱོད་ཀྱིས་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པར་བྱའོ་ཞེས་གསུངས་སོ།།
10 ཡང་ཁོང་གིས་བདག་ལ་འདི་སྐད་དུ། དུས་དེ་སླེབས་ལ་ཉེ་བས། མདོ་འདིའི་ལུང་བསྟན་རྣམས་ལ་ཐམ་ག་རྒྱག་པར་མི་བྱའོ།། 11 དྲང་བདེན་མ་ཡིན་པར་ད་དུང་ཁོ་ལ་དྲང་བདེན་མིན་པ་བྱེད་དུ་ཆུག མི་གཙང་བ་ནི་ད་དུང་ཁོ་རང་མི་གཙང་བར་ལུས་སུ་ཆུག དྲང་བདེན་བྱེད་མཁན་ལ་ད་དུང་ཁོ་ལ་དྲང་བདེན་བྱེད་དུ་ཆུག དམ་པ་ནི་ད་དུང་ཁོ་རང་དམ་པར་ལུས་སུ་ཆུག་ཅེས་གསུངས་སོ།།
12 ལྟོས་དང་། བདག་ནི་མྱུར་དུ་ཡོང་ངེས་ཡིན། མི་རེ་རེའི་ཅི་བྱས་བཞིན་ལན་འཇལ་བའི་ཕྱིར་ངས་རྔན་པ་འཁྱེར་འོང་ངོ་།། 13 ང་ནི་ཨལ་ཕཱ་དང་ཨོ་མེ་ཀ་སྟེ། སྔ་མ་དང་ཕྱི་མ་ཡིན་ལ། ཐོག་མ་དང་མཐའ་མའོ༎
14 རང་གི་ལྭ་རིང་པོ་གཙང་མར་བཀྲུ་མཁན་རྣམས་བདེའོ།། དེ་རྣམས་ལ་ཚེ་སྲོག་གི་ལྗོན་ཤིང་དྲུང་དུ་འགྲོ་བའི་དབང་འཐོབ་ཅིང་། མཁར་སྒོ་བརྒྱུད་ནས་གྲོང་ཁྱེར་ནང་དུ་འགྲོ་ཡང་ནུས་སོ།། 15 གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཁྱི་སྤྱང་ངན་པ་དང་། སྒྱུ་འཕྲུལ་པ། ལོག་གཡེམ་པ། ལག་དམར། སྐུ་འདྲར་བརྟེན་མཁན། རྫུན་ལ་དགའ་ཞིང་རྫུན་སྨྲ་མཁན་ཐམས་ཅད་ཡོད་དོ།།
16 ཡེ་ཤུ་བདག་གིས་ཆོས་ཚོགས་དག་གི་ཆེད་དུ་ཁྱོད་རྣམས་ལ་དོན་འདི་དག་བདེན་དཔང་བྱེད་པའི་ཕྱིར་རང་གི་ཕོ་ཉ་མངགས་པ་ཡིན་ལ། བདག་ནི་དཱ་བིད་ཀྱི་རྩ་བ་ཡིན་ལ་ཁོང་གི་རིགས་རྒྱུད་ཀྱང་ཡིན། བདག་ནི་ཐོ་རངས་ཀྱི་སྐར་ཆེན་ཡིན་ཞེས་གསུངས་སོ།།
17 དམ་པའི་ཐུགས་ཉིད་དང་བག་གསར་གྱིས་ཕེབས་ཤོག་དང་ཞེས་ཞུས་པ་དང་། ཐོས་མཁན་རྣམས་ཀྱིས་ཀྱང་ཕེབས་ཤོག་དང་ཞེས་ཞུ་འོས་སོ།། ཁ་སྐོམ་པ་རྣམས་ཡོང་འོས་པ་དང་འཐུང་འདོད་པ་རྣམས་ཀྱིས་ཀྱང་རིན་མི་དགོས་པར་ཚེ་སྲོག་དང་ལྡན་པའི་ཆུ་འཐུང་རུང་ངོ་།།
18 བདག་གིས་མདོ་འདིའི་ལུང་བསྟན་ཐོས་མཁན་ཐམས་ཅད་ལ་བདེན་དཔང་བྱེད་པར་བྱ་སྟེ། སུ་ཞིག་གིས་ལུང་བསྟན་འདི་ལ་གང་ཞིག་སྣོན་པ་ཡིན་ན། དཀོན་མཆོག་གིས་མདོ་འདིའི་ནང་དུ་བཀོད་པའི་ཆག་སྒོ་ཐམས་ཅད་ཁོའི་སྟེང་དུ་འགེལ་བར་འགྱུར་རོ།། 19 ཡང་སུ་ཞིག་གིས་མདོ་འདིའི་ནང་གི་ལུང་བསྟན་ལས་གང་ཞིག་འཕྲི་བ་ཡིན་ན། དཀོན་མཆོག་གིས་ཀྱང་མདོ་འདིའི་ནང་དུ་བཀོད་པའི་ཚེ་སྲོག་གི་ལྗོན་ཤིང་དང་དམ་པའི་གྲོང་ཁྱེར་གྱི་སྐལ་ནི་མི་དེ་ལས་ཕྱིར་ལེན་པར་འགྱུར་རོ།།
20 དོན་འདི་རྣམས་ལ་བདེན་དཔང་མཛད་མཁན་གྱིས་འདི་སྐད་དུ། ལགས་སོ༎ ང་ནི་མྱུར་དུ་ཡོང་ངེས་ཡིན་ཞེས་གསུངས་སོ།།
ཨ་མེན། གཙོ་བོ་ཡེ་ཤུ་ལགས། ཁྱེད་ཉིད་ཕེབས་པར་ཞུའོ།།
21 གཙོ་བོ་ཡེ་ཤུའི་ཐུགས་རྗེ་ནི་དད་ལྡན་དམ་པ་རྣམས་དང་མཉམ་དུ་གནས་པར་སྨོན། ཨ་མེན།། །།