བཀོད་པ།. 49. ཡ་ཀོབ་ཀྱིས་རང་གི་བུ་རྣམས་བོས་ཏེ་འདི་སྐད༌དུ། བདག་གིས་མ་འོངས་པར་ཁྱོད་ཅག་ལ་འཕྲད་ངེས་པའི་དོན་རྣམས་སྨྲ་བའི༌ཕྱིར། ཁྱོད་རྣམས་ལྷན་དུ་འཛོམ་པར་གྱིས་ཞེས་སྨྲས་པ༌དང༌། ཡང་འདི་སྐད༌དུ། ཡ་ཀོབ་ང་ཡི་བུ་རྣམས་ལྷན་དུ་འཛོམ་པར༌བྱ།། ཨ་ཕ་ཡེས་ར་ཨེལ་གྱི་གཏམ་ལ་མཉན་པར༌གྱིས།། རུ་བེན་ཁྱོད་ནི་བདག་གི་བུ་ལས་སྐྱེས་འགོ༌སྟེ།། ང་རང་ལུས་སྟོབས་དར་བའི་དུས་སུ་སྐྱེས་པའི༌ཕྱིར།། ཁྱོད་ནི་མཆོག་དང་དབང་དང་ལྡན་པ་ཡིན་མོད༌ཀྱང༌།། ཁྱོད་ནི་ཆུ་ལྟར་རྒྱུགས་པས་གཞན་ལས་མཆོག་གྱུར༌མིན།། ཁྱོད་ནི་རང་གི་ཕ་ཡི་མལ་ཁྲིར་འགོས་པ༌དང༌།། ཁྱོད་ཀྱིས་བདག་གི་གཟིམ་ཁྲི་ཡེ་ནས་རྫོབ་ཕྱིར༌རོ།། སྤུན་ཆུང་སི་མུ་ཨོན་དང་ལེ་ཝི་གཉིས་ཀྱི༌ནི།། རལ་གྲི་ལ་སོགས་གདུག་རྩུབ་སྤྱོད་པའི་མཚོན་ཆ་ཡིན།། བདག་གི་སེམས་ནི་ཁྱོད་ཀྱི་གྲོས་ལ་ཁས་ལེན༌མེད།། བདག་གི་ཡིད་སེམས་དེ་དག་དང་ནི་མཐུན་ཐབས༌མེད།། དེ་དག་ཁྲོ་ཞིང་སྡང་སྟེ་མི་རྣམས་བསད་པ༌དང༌།། དོན་མེད་གླང་ཐུག་བརླ་རྩ་བཅད་ཅིང་གཅོད་ཕྱིར༌རོ།། དེ་རྣམས་ཞེ་སྡང་ཆེ་བས་སྡིགས་དམོད་འཕོག་འོས༌ཤིང༌།། དེ་རྣམས་གདུག་རྩུབ་ཆེ་བས་དམོད་པ་འཕོག་པར༌འགྱུར།། བདག་གིས་དེ་རྣམས་ང་ཡི་རིགས་ནང་འཐོར་བ༌དང༌།། ཡེས་ར་ཨེལ་གྱི་ཡུལ་གྲུ་ཀུན་ཏུ་གཏོར་བར༌བྱ།། ཡ་ཧུ་དཱ་ཁྱོད་བདག་གི༌བུ།། ཁྱོད་ཀྱི་ལག་པས་དགྲ་བོ༌ཡི།། གཉའ་ནས་དམ་དུ་བཟུང་བའི༌ཕྱིར།། སྤུན་གཞན་གྱིས་ནི་ཁྱོད་ལ༌བསྟོད།། ཁྱོད་ལ་ཕ་ཡི་བུ་རྣམས༌ཀྱིས།། མགོ་བོ་བསྒུར་ནས་ཕྱག་འཚལ༌ལོ།། ཡ་ཧུ་དཱ་ཁྱོད་བདག་གི༌བུ།། ཁྱོད་ནི་སེང་ཕྲུག་ཇི་བཞིན༌དུ།། རི་དྭགས་བཟུང་ནས་འགྲོ་བར༌བྱེད།། འགྱིང་བའི་ཚེ་ན་ཕོ་སེང༌དང༌།། སྡོད་པའི་ཚེ་ན་མོ་སེང༌བཞིན།། སུ་ཡིས་ཁྱོད་རང་དཀྲོག་པར༌ཕོད།། ཞི་ལོ་ཞེས་བྱར་གྲགས་པ་ཁོང་ཉིད་ཕེབས་པ༌དང༌།། མི་རིགས་ཀུན་གྱིས་ཁོང་གི་ངག་བཞིན་སྒྲུབ་པའི༌བར།། ཡ་ཧུ་དཱ་ལས་རྒྱལ་པོའི་མཁར་བ་མི་འཕྲོག༌ཅིང༌།། ཁོང་གི་རྐང་པའི་བར་ནས་མཁར་བ་འཆོར་མི༌སྲིད།། ཡ་ཧུ་དཱ་ཡིས་རྒུན་འབྲུམ་ཤིང་ལ་མགྲིན་བཟང༌བཏགས།། མཛེས་ཤིང་མཆོག་གྱུར་རྒུན་འབྲུམ་ཤིང་ལ་བོང་ཕྲུག༌བཏགས།། རྒུན་འབྲུམ་ཆང་ལ་རང་གི་གྱོན་པ་བཀྲུ་བྱེད༌ཅིང༌།། རྒུན་འབྲུམ་ཁུ་བའི་ནང་དུ་གྱོན་གོས་གཙང་མར༌བཀྲུས།། ཁོ་ཡི་མིག་ཟུང་རྒུན་ཆང་གིས་ནི་དམར་པོར༌བསྒྱུར།། ཁ་ཡི་དུང་སོ་འོ་མས་དཀར་པོར་བསྒྱུར་ལགས༌སོ།། ཟེ་བུ་ལུན་ནི་རྒྱ་མཚོའི་འགྲམ་དུ༌གནས།། མཚོ་འགྲམ་དེ་ནི་རྒྱ་མཚོའི་གྲུ་ཁ༌ལགས།། ཁོ་ཡི་མངའ་ཁོངས་ཚི་ཏུན་བར་དུ༌འཕེལ།། ཡེས་སི་ཀཱར་ནི་བོང་བུ་རྒོད་པོ༌བཞིན།། ལུག་རའི་བར་དུ་སོས་དལ་བག་གིས༌ཉལ།། ལྷིང་འཇགས་ཡུལ་དེ་ཤིན་ཏུ་ལེགས་པར༌འདོད།། གནས་ཡུལ་དེ་ནི་མཛེས་ཤིང་སྡུག་པར༌འདོད།། ལུས་པོ་སྨད་དུ་བསྒུར་ནས་ཁྲེས་པོ༌ཁུར།། གཞན་གྱི་གཡོག་ཏུ་གྱུར་པ་ཀྱེ་མ༌ཧོ།། དཱན་ཞེས་བྱ་བས་ཡེས་ར་ཨེལ་གྱི་ཚོ་པ༌བཞིན།། རང་གི་འབངས་མི་ཀུན་ལ་ཁྲིམས་ཐག་གཅོད་པར༌བྱེད།། དཱན་ཞེས་བྱ་བ་ལམ་ཁའི་ལྕེ་གཉིས༌དང༌།། ལམ་དུ་མཆིས་པའི་ལྟོ་འགྲོ་དུག་ཅན༌བཞིན།། བཞོན་རྟའི་རྨིག་པ་ལ་ནི་སོ་བཏབ༌པས།། ཀག་གིས་ལངས་ཏེ་བཞོན་མཁན་ས་ལ༌ལྷུང༌།། བླ་ན་མེད་པའི་དཀོན་མཆོག་ཡ་ཝཱེ༌ལགས།། བདག་གིས་ནམ་ཡང་ཁྱེད་ཀྱིས་སྐྱོབ་པར༌སྒུག ། དགྲ་བོ་མྱུར་དུ་སླེབས་ནས་གཱ་རྡུར་རྒོལ་ན༌ཡང༌།། ཁོས་ཀྱང་ལམ་སང་དགྲ་བོར་རྒོལ་ཞིང་ཕ་མཐར་བསྐྲད། ། ཨ་ཤེར་ཞེས་པའི་བུ་ཡི་གནས་དེ༌རུ།། འབྲུ་རིགས་ཕུན་སུམ་ཚོགས་པ་ཡོད་པའི༌ཕྱིར།། རྒྱལ་པོ་རྣམས་ཀྱི་ཟས་སུ་འགྱུར་ངེས༌སོ།། ནཱབ་ཐ་ལི་ནི་རྙི་ལས་ཐར་བའི་ཤྭ་མོ༌བཞིན།། ཁོ་ཡིས་སྙན་ཞིང་འཇེབས་པའི་གཏམ་ནི་སྨྲ་བར༌བྱེད།། ཡོ་སེབ་ཞེས་པ་ཤིང་ཏོག་སྨིན་པའི་འབྲས་བུ༌དང༌།། ཆུ་མིག་འགྲམ་དུ་འབྲས་བུ་ཐོགས་པའི་ཡལ་ག༌བཞིན།། དེ་ཡི་ཡལ་ག་བརྐྱངས་ཏེ་གྱང་ལས་བརྒལ་བར༌བྱེད།། མདའ་གཞུ་འཛིན་མཁན་གྱིས་ནི་གློ་བུར༌ཉིད།། ཁོ་ལ་རྒོལ་བར་བྱེད་ཅིང་མདའ་འཕངས༌ཏེ།། ཁོ་ལ་གནོད་པ་བཟོས་ཤིང་བཟོ་བར༌བྱེད།། འོན་ཀྱང་ཡེས་ར་ཨེལ་གྱི་རྫི་བོ༌དང༌།། ཡེས་ར་ཨེལ་གྱི་ཕ་བོང་ཆེན་པོ༌སྟེ།། ཡ་ཀོབ་ཀྱི་ནི་སྟོབས་ལྡན་ཞེས་གྲགས༌པས།། ཡོ་སེབ་ལག་ཏུ་མདའ་གཞུ་དམ་དུ༌བཟུང༌།། ཁོ་ཡི་ལག་ཟུང་བརྟན་ཅིང་ལྡེམ་མྱུར༌ཆེ།། དེ་ཡང་ཁྱོད་ཀྱི་ཕ་ཡི་དཀོན་མཆོག༌གིས།། ཁྱོད་ལ་སྐྱབས་སུ་མཛད་ཅིང་མཛད་ལགས༌ཏེ།། ཀུན་དབང་ལྡན་པ་ཁོང་གིས་ནམ་མཁའ༌དང༌།། ས་གཞིར་ཁྱབ་པའི་བྱིན་རླབས་མཐའ་དག༌དང༌།། མངལ་ལྡན་ནུ་མའི་བྱིན་རླབས་གནང་བར༌འགྱུར།། ཁྱོད་ཀྱི་ཕ་ཡིས་གནང་བའི་བྱིན་རླབས༌ནི།། མེས་པོའི་བྱིན་རླབས་ལས་ཀྱང་བླ་ན༌འཕགས།། དེ་ནི་འཇིག་པ་མེད་པའི་རི་ཀླུང༌དང༌།། མུ་མཐའ་མེད་པའི་མཐའ་མཚམས་གང་དུ༌ཡང༌།། བྱིན་རླབས་དེ་དག་ཁྱོད་ལ་གནང་བར་ཤོག། སྤུན་ཟླའི་ཁྲོད་ནས་རྒྱལ་སྲས་སུ་གྱུར༌པ།། ཁྱོད་ཀྱི་སྤྱི་གཙུག་ལ་ནི་འབབ་གྱུར༌ཅིག། པེན་ཡཱ་མེན་ནི་གདུག་རྩུབ་ཆེ་བའི་སྤྱང་ཀི༌བཞིན།། ཞོགས་པར་རི་དྭགས་བཟུང་སྟེ་བཟའ་བྱེད༌ཅིང༌།། མཚན་མོར་གཞན་ལས་ཕྲོགས་པ་བགོ་བར༌བྱེད། །ཅེས་སྨྲས༌སོ།། མི་དེ་ཐམས་ཅད་ནི་ཡེས་ར་ཨེལ་གྱི་ཚོ་པ་བཅུ་གཉིས་ཡིན༌ལ། དོན་དེ་དག་ནི་ཁོ་རྣམས་ཀྱི་ཕ་ཡིས་ཁོ་རྣམས་ལ་བྱིན་རླབས་གནང་བའི་སྐབས་སུ་སྨྲས་པའི་གཏམ་ཡང་ཡིན༌ཏེ། མི་རང་རང་ལ་བསྟུན་ནས་བྱིན་རླབས་གནང༌བའོ།། དེ་ནས་ཡང་ཡེས་ར་ཨེལ་གྱིས་རང་གི་བུ་རྣམས་ལ་འདི་ལྟར་གདམས༌པ། བདག་ནི་ཅུང་མི་འགོར་བར་རང་གི་མེས་པོ་རྣམས་ཀྱི་དྲུང་དུ་འགྲོའོ། །ཁྱོད་རྣམས་ཀྱིས་བདག་གི་བེམ་པོ་ནི་ཧེ་བི་མི་རིགས་ཀྱི་ཨེབ་རོན་གྱི་ཞིང་སར་ཡོད་པའི་བྲག་ཁུང་དུ་བདག་གི་མེས་པོ་དང་མཉམ་དུ་དུར་ལ་སྦ་བར༌བྱའོ།། བྲག་ཁུང་དེ་ནི་ཀ་ན་ཨན་ཡུལ་གྱི་མཱན་རེའེ་ས་ཆའི་མདུན་ཕྱོགས་ཀྱི་མཱག་ཕེ་ལཱའི་ཞིང་ནང་དུ་ཡོད༌ཅིང༌། བྲག་ཁུང་དེ་དང་ཞིང་ས་དེ་ནི་ཨབ་ར་ཧམ་གྱིས་ཧེ་བི་མི་རིགས་ཀྱི་ཨེབ་རོན་ནས་ཉོས་ཤིང་དུར་ས་བྱས་པ༌ཡིན། བྲག་ཁུང་དེ་རུ་ཨབ་ར་ཧམ་དང་ཁོང་གི་ཆུང་མ་སཱ་ར་གཉིས་ཀྱི་སྐུ་གདུང་དུར་ལ་བཅུག་པ༌དང༌། ཨི་སཱག་དང་ཡུམ་རིབ་ཀཱ་གཉིས་ཀྱི་སྐུ་གདུང་ཡང་བྲག་ཁུང་དེ་རུ་བཅུག༌པའོ། །ངས་རང་གི་ཆུང་མ་ལེ་ཨའི་བེམ་པོའང་གནས་དེ་རུ་དུར་ལ་བཅུག༌གོ ། ཞིང་ས་དེ་དང་དེའི་ནང་དུ་ཡོད་པའི་བྲག་ཁུང་ནི་ཧེད་ཀྱི་བུ་རྒྱུད་ལས་ཉོས་པ་ཡིན་ཞེས་སྨྲས༌སོ།། དེ་ལྟར་ཡ་ཀོབ་ཀྱིས་བུ་རྣམས་ལ་ཁ་བསྒོ་གནང༌རྗེས། ཕྱིར་མལ་སར་ལྷུང་སྟེ་ཚེ་ལས་འདས་ཤིང་ཁོང་ཉིད་མེས་པོ་རྣམས་ཀྱི་དྲུང་དུ་ཕྱིན༌ཏོ།།