༄༅། །རྒྱལ་རབས་ཀྱི་མདོ་དང་པོ།. 1. དེ་ཡང་རྒྱལ་པོ་དཱ་བིད་རྒས་ནས་དགུང་ལོ་མཐོ་བའི་དུས་སུ་གོས་མང་པོས་གཡོགས་ཀྱང་དྲོད་མི་ལྡན་པར་གྱུར་པས། ཁོང་གི་བློན་འཁོར་རྣམས་ན་རེ། རང་ཅག་གི་ཇོ་བོ་དང་རྒྱལ་པོ་ལགས་ལ་དྲོད་བསྐྱེད་ཕྱིར་ཁོང་གི་དྲུང་དུ་སྡོད་པ་དང་ཁོང་ལ་ལྟ་སྐྱོང་བྱེད་པ། ཁོང་གི་པང་དུ་ཉལ་བར་ན་ཆུང་བུ་མོ་ཞིག་བཙལ་ན་ལེགས་ཞེས་ཞུས་པ་དང་། དེ་དག་གིས་ཡེས་ར་ཨེལ་གྱི་ཡུལ་འཁོར་ཐམས་ཅད་དུ་གཞོན་ནུ་མ་མཛེས་མ་ཞིག་བཙལ་བཙལ་བའི་མཐར། ཤུ་ནེམ་གྱི་ཨ་བི་ཤག་ཅེས་བྱ་བ་རྙེད་ནས་རྒྱལ་པོའི་དྲུང་དུ་ཁྲིད་དོ། ། གཞོན་ནུ་མ་དེ་ནི་བཞིན་རས་ཧ་ཅང་མཛེས་པ་ཞིག་ཡོད་པ་ཡིན། ཁོ་མོས་རྒྱལ་པོར་ལྟ་སྐྱོང་བྱས་ནས་ཞབས་ཕྱི་བསྒྲུབས་ནའང་རྒྱལ་པོས་དེ་དང་ལུས་འབྲེལ་མ་བྱས་སོ། ། དེ་ནས་ཧག་གིད་ཀྱི་བུ་ཨ་དོ་ནེ་ཡཱ་ཡིས་རང་མཐོང་ཆེན་པོ་བཅངས་ནས། ང་རང་རྒྱལ་པོར་འགྱུར་འོང་ཞེས་སྨྲས་ཏེ་རང་ལ་ཤིང་རྟ་དང་སྐྱ་དམག ཡང་ཁོའི་སྔོན་དུ་རྒྱུག་པའི་མི་ལྔ་བཅུ་བཅས་གྲ་སྒྲིག་བྱས་སོ། ། ཁོའི་ཡབ་ཀྱིས་ནམ་ཡིན་ཡང་ཁོ་ལ་ཁྱོད་ཀྱིས་ཅིའི་ཕྱིར་འདི་འདྲ་བྱས་པ་ཡིན་ནམ་ཞེས་སྐྱོན་འཛུགས་པའི་ཚིག་ཙམ་ཡང་མ་དྲིས་ལ། ཁོ་ཡང་བྱད་གཟུགས་ཧ་ཅང་མཛེས་ལ་ཨབ་ཤཱ་ལོམ་གྱི་རྗེས་སུ་སྐྱེས་པ་ཡིན་ནོ། ། ཁོས་ཟེ་རུ་ཡཱ་ཡི་བུ་ཡོ་ཨབ་དང་མཆོད་དཔོན་ཨབ་ཡཱ་ཐར་གཉིས་ལ་གཏམ་བྱས་ཤིང་དེ་གཉིས་ཁོའི་ཕྱོགས་སུ་ཡོང་སྟེ་ཁོ་ལ་རོགས་བྱས་སོ། ། འོན་ཀྱང་མཆོད་དཔོན་ཟཱ་ཏོག་དང་། ཡེ་ཧོ་ཡ་དཱའི་བུ་པེ་ནཱ་ཡ། ལུང་སྟོན་པ་ནཱ་ཐན། ཤིམ་ཨི། རེ་ཨི། དཱ་བིད་ཀྱི་དཔའ་བོ་རྣམས་དང་བཅས་པ་ཨ་དོ་ནེ་ཡཱའི་ཕྱོགས་སུ་མ་སོང་ངོ་། ། དེ་ནས་ཨ་དོ་ནེ་ཡཱ་ཡིས་ཨེན་རོ་གེལ་ཞེས་པའི་ཆུ་མིག་གི་འགྲམ་དུ་ཡོད་པའི་ཙོལ་ཧེ་ལེད་ཅེས་པའི་ཕ་བོང་གི་རྩར། ལུག་དང་། གླང་ཐུག་དང་། ཕྱུགས་ཤ་ཤེད་ཅན་དག་བཤས་ནས་རང་གི་སྤུན་མཆེད་དེ་རྒྱལ་སྲས་རྣམས་དང་། རྒྱལ་པོའི་བློན་འཁོར་ཡིན་པའི་ཡ་ཧུ་དཱ་པ་ཐམས་ཅད་དེར་མགྲོན་ལ་བོས་ཀྱང་། ལུང་སྟོན་པ་ནཱ་ཐན་དང་། པེ་ནཱ་ཡ་དང་། དཔའ་བོ་རྣམས་དང་། སྐུ་མཆེད་སོ་ལོ་མོན་བཅས་ནི་མ་བོས་སོ། ། དེ་ནས་ནཱ་ཐན་གྱིས་སོ་ལོ་མོན་གྱི་མ་ཡུམ་པད་ཤེ་བཱ་ལ་ན་རེ། ཧག་གིད་ཀྱི་བུ་ཨ་དོ་ནེ་ཡཱ་རྒྱལ་པོར་བསྡད་པ་དེ་ཁྱེད་ཀྱིས་མ་ཐོས་སམ། རང་ཅག་གི་ཇོ་བོ་དཱ་བིད་ཀྱིས་དོན་དེ་ད་དུང་ཤེས་མེད་དོ། ། ད་ནི་ཚུར་ཤོག་དང་། ཁྱེད་དང་ཁྱེད་ཀྱི་སྲས་སོ་ལོ་མོན་གཉིས་ཀྱི་སྲོག་ཐར་བའི་ཆེད་དུ་ངས་སློབ་སྟོན་བྱའོ། ། ཁྱེད་རྒྱལ་པོ་དཱ་བིད་ཀྱི་དྲུང་དུ་ཕྱིན་ཏེ་ཁོང་ལ་འདི་ལྟར་སྨྲོས་ཤིག ཀྱེ་ངའི་ཇོ་བོ་དང་ངའི་རྒྱལ་པོ་ལགས། ཁྱེད་ཀྱིས་སྔོན་ཆད་གཡོག་མོ་ང་ལ་མནའ་བཞེས་ཏེ། ཁྱེད་ཀྱི་བུ་སོ་ལོ་མོན་ངའི་རྗེས་སུ་རྒྱལ་པོར་སྡོད་ཅིང་ཁོ་ནི་ངའི་ཁྲི་ལ་སྡོད་པར་འགྱུར་ཞེས་གསུངས་པ་མ་ཡིན་ནམ། ད་ལྟ་ཨ་དོ་ནེ་ཡཱ་རྒྱལ་པོར་བསྡད་པ་འདི་ཅི་ཡིན་ཞེས་ཞུས་ཤིག ཁྱེད་ཀྱིས་དེ་བཞིན་རྒྱལ་པོ་དང་གཏམ་གླེང་བཞིན་པའི་དུས་སུ་ང་ཡང་ནང་དུ་འོངས་ནས་ཁྱེད་ཀྱི་གཏམ་ལ་དཔང་པོ་བྱའོ་ཞེས་བསྐུལ་ཏོ། ། དེ་ནས་པད་ཤེ་བཱ་རྒྱལ་པོའི་གཟིམ་ཆུང་གི་ནང་དུ་སོང་བ་དང་། རྒྱལ་པོ་སྐུ་ན་ཤིན་ཏུ་རྒས་ཤིང་། ཤུ་ནེམ་གྱི་ཨ་བི་ཤག་གིས་རྒྱལ་པོ་ལ་ཞབས་ཕྱི་ཞུ་བཞིན་ཡོད་པ་ཡིན། དེར་པད་ཤེ་བཱས་མགོ་བོ་སྨད་དུ་བསྒུར་ནས་རྒྱལ་པོར་གུས་འདུད་ཞུས་པ་དང་། རྒྱལ་པོས་ཁྱོད་ཀྱིས་ཅི་ཞིག་འདོད་དམ་ཞེས་དྲིས་པ་ན། ཁོ་མོས་རྒྱལ་པོར། ཀྱེ་ངའི་ཇོ་བོ་ལགས། ཁྱེད་ཀྱིས་ཉིད་ཀྱི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་ཉིད་ཀྱི་གཡོག་མོ་ང་ལ། ཁྱོད་ཀྱི་བུ་སོ་ལོ་མོན་ངའི་རྗེས་སུ་རྒྱལ་པོར་སྡོད་ཅིང་ཁོ་ནི་ངའི་ཁྲི་ལ་སྡོད་པར་འགྱུར་ཞེས་གསུངས་མོད། གཟིགས་དང་། ད་ནི་ཨ་དོ་ནེ་ཡཱ་རྒྱལ་པོར་བསྡད་ཡོད་ནའང་ངའི་ཇོ་བོ་དང་ངའི་རྒྱལ་པོ་ཁྱེད་ཀྱིས་ད་དུང་དོན་དེ་མི་ཤེས་སོ། ། ཁོས་གླང་ཐུག་དང་། ཕྱུགས་ཤ་ཤེད་ཅན། ལུག་བཅས་མང་པོ་བཤས་ནས་རྒྱལ་སྲས་ཐམས་ཅད་དང་མཆོད་དཔོན་ཨབ་ཡཱ་ཐར་དང་དམག་དཔོན་ཡོ་ཨབ་བཅས་མགྲོན་དུ་བོས་ཀྱང་ཁྱེད་ཀྱི་ཞབས་ཕྱི་སོ་ལོ་མོན་མ་བོས་སོ། ། ཀྱེ་ངའི་ཇོ་བོ་དང་ངའི་རྒྱལ་པོ་ལགས། ད་ནི་ཁྱེད་ཀྱི་རྗེས་སུ་ཉིད་ཀྱི་རྒྱལ་ཁྲི་ལ་སུ་ཞིག་འགོད་པར་འགྱུར་བ་ཁྱེད་ཀྱིས་གསུང་བ་ལ། ཡེས་ར་ཨེལ་པ་ཐམས་ཅད་ཀྱི་མིག་གིས་ཁྱེད་ལ་བལྟས་ཡོད། དེ་ལྟར་མ་བྱས་ཚེ། ངའི་ཇོ་བོ་དང་ངའི་རྒྱལ་པོ་ཁྱེད་ཉིད་རང་གི་ཡབ་མེས་རྣམས་དང་ལྷན་ཅིག་ཏུ་གཟིམས་པའི་ཚེ། བདག་དང་བདག་གི་བུ་སོ་ལོ་མོན་གཉིས་ནི་ཉེས་ཅན་དུ་བརྩི་བར་འགྱུར་རོ་ཞེས་སྨྲས་སོ། ། ཏག་ཏག་ཁོ་མོས་རྒྱལ་པོར་གཏམ་གླེང་བཞིན་པའི་སྐབས་སུ། ལུང་སྟོན་པ་ནཱ་ཐན་ནང་དུ་འོངས་པ་དང་། འཁོར་གཡོག་རྣམས་ཀྱིས་རྒྱལ་པོར་ལུང་སྟོན་པ་ནཱ་ཐན་སླེབས་བྱུང་ཞེས་ཞུས་པ་དང་། ཁོ་ནི་རྒྱལ་པོའི་དྲུང་དུ་ཕྱིན་ནས་ཕྱག་བཙལ་ཏོ། ། ནཱ་ཐན་གྱིས། ཀྱེ་ངའི་ཇོ་བོ་དང་ངའི་རྒྱལ་པོ་ལགས། ཁྱེད་ཀྱིས་ཨ་དོ་ནེ་ཡཱ་ངའི་རྗེས་སུ་རྒྱལ་པོར་སྡོད་ཅིང་ཁོ་ངའི་ཁྲི་ལ་འགོད་པར་འགྱུར་རོ་ཞེས་གསུངས་སམ། ཁོས་དེ་རིང་ཉིན་མོ་མར་སོང་སྟེ་གླང་ཐུག་དང་། ཕྱུགས་ཤ་ཤེད་ཅན། ལུག་བཅས་མང་པོ་བཤས་ནས་རྒྱལ་སྲས་ཀུན་དང་། དམག་དཔོན་རྣམས། མཆོད་དཔོན་ཨབ་ཡཱ་ཐར་བཅས་མགྲོན་དུ་བོས་ནས། ལྟོས་དང་། དེ་དག་གིས་ཁོའི་མདུན་དུ་བཟའ་བཏུང་རོལ་ཞིང་། རྒྱལ་པོ་ཨ་དོ་ནེ་ཡཱ་ཁྲི་ལོར་བརྟན་པར་ཤོག་ཅེས་བརྗོད་དོ། ། འོན་ཀྱང་ཁྱེད་ཀྱི་ཞབས་ཕྱི་ང་རང་དང་། མཆོད་དཔོན་ཟཱ་ཏོག་དང་། ཡེ་ཧོ་ཡ་དཱའི་བུ་པེ་ནཱ་ཡ་དང་། ཁྱེད་ཀྱི་ཞབས་ཕྱི་སོ་ལོ་མོན་བཅས་ནི་མ་བོས་སོ། ། དོན་འདི་ནི་ངའི་ཇོ་བོ་དང་ངའི་རྒྱལ་པོའི་བཀའ་བསྩལ་པ་བཞིན་དུ་བྱུང་བ་ལགས་སམ། ངའི་ཇོ་བོ་དང་ངའི་རྒྱལ་པོའི་རྗེས་སུ་ཉིད་ཀྱི་ཁྲི་ལ་སུ་འགོད་པའི་འཕྲིན་ནི་ཉིད་ཀྱི་ཞབས་ཕྱི་རྣམས་ལ་མ་གསུངས་པ་ཡིན་ནམ་ཞེས་གསོལ་ཏོ། ། དེ་ནས་རྒྱལ་པོ་དཱ་བིད་ཀྱིས་པད་ཤེ་བཱ་ངའི་དྲུང་དུ་བོས་ཤིག་ཅེས་ལན་གསུངས་པ་དང་། ཁོ་མོ་རྒྱལ་པོའི་དྲུང་དུ་འོངས་ནས་ཁོང་གི་སྤྱན་སྔར་ལངས་བསྡད་པ་ལ། རྒྱལ་པོས་མནའ་བཞེས་ནས་འདི་ལྟར། བདག་གིས་རང་ཉིད་དཀའ་སྡུག་ཐམས་ཅད་ལས་བསྐྱབས་པའི་གཏན་དུ་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན་ཏེ། ངས་དེ་སྔར་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་ཇི་ལྟར་མནའ་ཁུར་ཅིང་། ཁྱོད་ཀྱི་བུ་སོ་ལོ་མོན་ངའི་རྗེས་སུ་རྒྱལ་པོར་སྡོད་ཅིང་ཁོ་ངའི་ཚབ་ཏུ་ཁྲི་ལ་སྡོད་པར་འགྱུར་རོ་ཞེས་སྨྲས་པ་བཞིན་དུ། ངས་དེ་རིང་གི་ཉིན་མོར་ཡང་དེ་བཞིན་བསྒྲུབ་པར་བྱའོ་ཞེས་གསུངས་པའོ། ། དེ་ནས་པད་ཤེ་བཱ་ཡིས་གདོང་སར་གཏད་ནས་རྒྱལ་པོར་གུས་འདུད་ཞུས་ཏེ་ངའི་ཇོ་བོ་དང་ངའི་རྒྱལ་པོ་དཱ་བིད་ཁྲི་ལོར་བརྟན་པར་ཤོག་ཅེས་ཞུས་སོ། ། རྒྱལ་པོ་དཱ་བིད་ཀྱིས་མཆོད་དཔོན་ཟཱ་ཏོག་དང་། ལུང་སྟོན་པ་ནཱ་ཐན། ཡེ་ཧོ་ཡ་དཱ་ཡི་བུ་པེ་ནཱ་ཡ་བཅས་བོས་ཤིག་ཅེས་གསུངས་པས་དེ་དག་རྒྱལ་པོའི་དྲུང་དུ་སླེབས་སོ། ། རྒྱལ་པོས་དེ་དག་ལ། ཁྱོད་ཅག་གིས་རང་གི་བདག་པོ་ངའི་ཞབས་ཕྱི་གཞན་རྣམས་ཁྲིད་དེ་སོ་ལོ་མོན་ངའི་དྲེལ་ལ་བསྐྱོན་ནས་མར་གེ་ཧོན་ཞེས་པའི་ཆུ་མིག་ཏུ་ཁྲིད་ཅིག གནས་དེར་མཆོད་དཔོན་ཟཱ་ཏོག་དང་ལུང་སྟོན་པ་ནཱ་ཐན་གཉིས་ཀྱིས་ཁོ་ཡེས་ར་ཨེལ་གྱི་རྒྱལ་པོར་འགྱུར་ཆེད་ཁོའི་མགོ་ལ་སྣུམ་གྱིས་འབྱུག་དགོས་ཤིང་། ཁྱོད་ཅག་གིས་རྭ་དུང་ཡང་བུས་ལ། རྒྱལ་པོ་སོ་ལོ་མོན་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་སྒྲ་སྒྲོག་པར་གྱིས། ཡང་དེ་ནས་ཁྱོད་ཅག་ཁོའི་རྗེས་སུ་འབྲངས་ནས་ཡར་འོང་དགོས་ཤིང་། ཁོ་ངའི་ཁྲི་ལ་བཀོད་ནས་ངའི་རྗེས་སུ་རྒྱལ་པོར་སྡོད་དུ་འཇུག་དགོས་ཏེ། ངས་ཁོ་ནི་ཡེས་ར་ཨེལ་དང་ཡ་ཧུ་དཱའི་རྒྱལ་པོར་བསྐོས་པ་ཡིན་ཞེས་གསུངས་སོ། ། དེའི་ལན་དུ་ཡེ་ཧོ་ཡ་དཱ་ཡི་བུ་པེ་ནཱ་ཡས་རྒྱལ་པོ་ལ། དེ་ལྟར་འབྱུང་བར་གྱུར་ཅིག ངའི་ཇོ་བོ་དང་ངའི་རྒྱལ་པོའི་དཀོན་མཆོག་ཡ་ཝཱེས་དེ་བཞིན་དུ་གསུང་བར་སྨོན། དཀོན་མཆོག་ཡ་ཝཱེ་ནི་ཇི་ལྟར་ངའི་ཇོ་བོ་དང་ངའི་རྒྱལ་པོ་དང་མཉམ་དུ་བཞུགས་པ་ལྟར། ཁོང་སོ་ལོ་མོན་དང་མཉམ་དུའང་བཞུགས་ཤིང་། ཁོང་གི་རྒྱལ་ཁྲི་ནི་ངའི་ཇོ་བོ་དང་ངའི་རྒྱལ་པོ་དཱ་བིད་ཀྱི་རྒྱལ་ཁྲི་ལས་ཀྱང་ཆེན་པོར་གྱུར་ཅིག་ཅེས་ཞུས་སོ། ། དེ་ནས་མཆོད་དཔོན་ཟཱ་ཏོག་དང་། ལུང་སྟོན་པ་ནཱ་ཐན་དང་། ཡེ་ཧོ་ཡ་དཱའི་བུ་པེ་ནཱ་ཡ་དང་། ཀེ་རེད་པ་དང་། ཕེ་ལེད་པ་བཅས་མར་སོང་ནས། རྒྱལ་པོ་དཱ་བིད་ཀྱི་ཆིབས་དྲེལ་ལ་སོ་ལོ་མོན་བསྐྱོན་ནས་གེ་ཧོན་དུ་གདན་དྲངས་སོ། ། དེ་ནས་མཆོད་དཔོན་ཟཱ་ཏོག་གིས་གུར་མཆོག་ནས་སྣུམ་ལྡུག་བྱེད་ཀྱི་རྭ་ཅོ་བླངས་ནས་སོ་ལོ་མོན་ལ་སྣུམ་གྱིས་བྱུགས་པ་དང་། དེ་དག་གིས་རྭ་དུང་བུས་ནས་མི་ཐམས་ཅད་ཀྱིས། རྒྱལ་པོ་སོ་ལོ་མོན་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་སྒྲ་བསྒྲགས་སོ། ། ཡང་མི་ཐམས་ཅད་ཁོའི་རྗེས་སུ་འབྲངས་ནས་ཡར་སོང་བ་དང་། མི་རྣམས་ཀྱིས་གླིང་བུ་འབུད་བཞིན་དགའ་དགའ་སྤྲོ་སྤྲོ་བྱས་ཤིང་། དེ་དག་གི་ཀི་སྒྲ་ནི་ས་གཞི་འདར་བ་ཙམ་དུ་བྱུང་ངོ་། ། ཨ་དོ་ནེ་ཡཱ་དང་ཁོ་དང་ལྷན་ཅིག་ཏུ་ཡོད་པའི་མགྲོན་པོ་རྣམས་ཀྱིས་ཁ་ཟས་སྤྱད་ནས་ཚར་མ་ཐག་ཏུ་ཀི་སྒྲ་དེ་ཐོས་སོ། །ཡང་ཡོ་ཨབ་ཀྱིས་རྭ་དུང་གི་སྒྲ་ཐོས་པ་ཙམ་གྱིས། གྲོང་ཁྱེར་དུ་བྱུང་བའི་འུར་སྒྲ་དེ་ཅི་ཡིན་ནམ་ཞེས་སྨྲས་པ་དང་། ཁོས་དེ་བཞིན་གླེང་བའི་སྐབས་སུ་མཆོད་དཔོན་ཨབ་ཡཱ་ཐར་གྱི་བུ་ཡོ་ནཱ་ཐན་དེར་སླེབས་པ་དང་། ཨ་དོ་ནེ་ཡཱས་དེ་ལ། ནང་དུ་ཤོག་དང་ཁྱོད་ནི་མི་བློ་དཀར་གཞུང་དྲང་ཞིག་ཡིན་པས་གཏམ་བཟང་ཞིག་ཁྱེར་འོང་ཡོད་སྙམ་ཞེས་སྨྲས་པའི་ལན་དུ། ཡོ་ནཱ་ཐན་གྱིས་ཨ་དོ་ནེ་ཡཱ་ལ། གཏམ་བཟང་མི་གདའ། ངེད་ཀྱི་ཇོ་བོ་དང་རྒྱལ་པོ་དཱ་བིད་ཀྱིས་སོ་ལོ་མོན་རྒྱལ་པོར་བསྐོས་འདུག རྒྱལ་པོས་དེ་དང་མཉམ་དུ་མཆོད་དཔོན་ཟཱ་ཏོག་དང་། ལུང་སྟོན་པ་ནཱ་ཐན་དང་། ཡེ་ཧོ་ཡ་དཱའི་བུ་པེ་ནཱ་ཡ་དང་། ཀེ་རེད་པ་དང་། ཕེ་ལེད་པ་བཅས་ཀྱི་མི་ཐམས་ཅད་མངགས་ནས། དེ་དག་གིས་སོ་ལོ་མོན་རྒྱལ་པོའི་ཆིབས་དྲེལ་ལ་བསྐྱོན་ཏོ། ། ཡང་མཆོད་དཔོན་ཟཱ་ཏོག་དང་ལུང་སྟོན་པ་ནཱ་ཐན་གཉིས་ཀྱིས་གེ་ཧོན་ནས་ཁོ་སྣུམ་གྱིས་བྱུགས་ཏེ་རྒྱལ་པོར་བསྐོས་པས། མི་རྣམས་ཡུལ་དེ་ནས་དགའ་མགུ་ཡི་རང་ངང་ལམ་ལ་ཆས་པ་དང་གྲོང་ཁྱེར་ནས་འུར་སྒྲ་བྱུང་སྟེ། ཁྱེད་ཀྱིས་ཐོས་པའི་ཀི་སྒྲ་ཡང་དེ་རང་ཡིན་ནོ། ། སོ་ལོ་མོན་ནི་རྒྱལ་ཁམས་འདིའི་རྒྱལ་ཁྲིར་བཞུགས་པར་མ་ཟད། རྒྱལ་པོའི་བློན་འཁོར་རྣམས་ཀྱང་འོངས་ནས། ངེད་ཅག་གི་ཇོ་བོ་སྟེ་རྒྱལ་པོ་དཱ་བིད་ལ་རྟེན་འབྲེལ་ཞུས་ཏེ་ན་རེ། ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཀྱི་མཚན་ལས་ཀྱང་སོ་ལོ་མོན་གྱི་མཚན་སྙན་གྲགས་རྒྱས་པར་མཛད་ཅིང་། ཁྱེད་ཀྱི་རྒྱལ་ཁྲི་ལས་ཀྱང་ཁོའི་རྒྱལ་ཁྲི་ཆེན་པོར་མཛད་པར་ཤོག་ཅེས་ཞུས་ཤིང་། རྒྱལ་པོས་རང་གི་མལ་ཁྲིའི་སྟེང་དུ་མགོ་བོ་སྨད་དུ་བསྒུར་ནས་གུས་ཕྱག་ཕུལ་བ་དང་། ཡང་རྒྱལ་པོ་ན་རེ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ནི་བསྟོད་འོས་པ་སྟེ། ཅི་ལ་ཞེ་ན། དེ་རིང་སྐྱེ་བོ་ཞིག་ང་ཡི་རྒྱལ་ཁྲིར་བཀོད་པ་དང་བདག་གིས་དེ་དངོས་སུ་མཐོང་ངོ་ཞེས་གསུངས་ཞེས་སྨྲས་པའོ། ། དེ་ནས་ཨ་དོ་ནེ་ཡཱ་དང་མཉམ་དུ་ཡོད་པའི་མགྲོན་པོ་ཐམས་ཅད་འཇིགས་ཏེ་ལངས་ནས་རང་རང་སར་བྲོས་སོ། ། ཨ་དོ་ནེ་ཡཱ་ནི་སོ་ལོ་མོན་ལ་འཇིགས་པས་ཡར་ལངས་ཏེ་སོང་ནས་མཆོད་ཁྲིའི་རུ་ཐུར་རྣམས་ལ་འཐམས་སོ། ། ཡང་མི་རྣམས་ཀྱིས་སོ་ལོ་མོན་ལ། གཟིགས་དང་ཨ་དོ་ནེ་ཡཱ་ནི་རྒྱལ་པོ་སོ་ལོ་མོན་ལ་འཇིགས་པས་མཆོད་ཁྲིའི་རུ་ཐུར་རྣམས་ལ་འཐམས་ཤིང་། ཁོས་རྒྱལ་པོ་སོ་ལོ་མོན་གྱིས་ང་དེ་རིང་རལ་གྲིས་མི་གསོད་པའི་མནའ་བཞེས་པར་མཁྱེན་ཞེས་ཞུ་བཞིན་འདུག་ཅེས་ཞུས། དེར་སོ་ལོ་མོན་ན་རེ། གལ་ཏེ་ཁོ་རང་མི་བློ་དཀར་གཞུང་དྲང་ཞིག་ཡིན་ན། ཁོའི་སྐྲ་ཉག་མ་གཅིག་ཀྱང་ས་རུ་ལྷུང་བར་མི་འགྱུར། འོན་ཀྱང་ཁོ་ལས་སྤྱོད་ངན་གང་ཞིག་རྙེད་ན་ཁོ་ནི་འཆི་བར་འགྱུར་རོ་ཞེས་སྨྲས། དེ་ནས་རྒྱལ་པོ་སོ་ལོ་མོན་གྱིས་མི་མངགས་ཤིང་། དེ་དག་གིས་ཁོ་མཆོད་ཁྲི་ལས་ཕབ་སྟེ་ཁྲིད་ནས་རྒྱལ་པོའི་དྲུང་དུ་སླེབས་པ་ན། ཁོས་རྒྱལ་པོ་སོ་ལོ་མོན་ལ་མགོ་བསྒུར་ནས་གུས་ཕྱག་ཕུལ་བ་དང་། རྒྱལ་པོ་སོ་ལོ་མོན་གྱིས་དེ་ལ་རང་གི་ཁྱིམ་དུ་སོང་ཞིག་ཅེས་བཀའ་བསྩལ་ཏོ། །