སྔོན་རབས་དང་པོ།. 24. ཡང་ཨ་རོན་གྱི་བུ་རབས་ཚ་རྒྱུད་རྣམས་ཀྱི་ལས་ཚན་ནི་འདི་ལྟ་སྟེ། ཨ་རོན་གྱི་བུ་ནི་ནཱ་དབ་དང་། ཨ་བི་ཧུ། ཨེ་ལི་ཨ་ཟར། ཨི་ཐ་མཱར་བཅས་ཡིན། ནཱ་དབ་དང་ཨ་བི་ཧུ་ནི་རང་གི་ཕ་ཡི་སྔོན་དུ་ཚེ་ལས་འདས་ཤིང་བུ་ཡང་མེད་པས། ཨེ་ལི་ཨ་ཟར་དང་ཨི་ཐ་མཱར་གཉིས་མཆོད་དཔོན་བྱས་པ་ཡིན། དེ་ནས་དཱ་བིད་དང་ཨེ་ལི་ཨ་ཟར་གྱི་བུ་རྒྱུད་ལས་ཟཱ་ཏོག་དང་། ཨི་ཐ་མཱར་གྱི་བུ་རྒྱུད་ལས་ཨ་ཧི་མེ་ལེག་བཅས་ཀྱིས་ཁོ་ཚོའི་གཉེན་ཉེ་རྣམས་ཀྱི་འོས་འགན་བཞིན་ལས་ཚན་བགོས་པའོ། ། ཕྱིས་སུ་ཨེ་ལི་ཨ་ཟར་གྱི་བུ་རྒྱུད་ཁྲོད་དུ་ཨི་ཐ་མཱར་གྱི་བུ་རྒྱུད་ལས་ཀྱང་འགོ་དཔོན་མང་པོ་ཡོད་པ་ཤེས་ཏེ། ཁོ་རྣམས་ཀྱི་ལས་ཚན་བགོས། ཨེ་ལི་ཨ་ཟར་གྱི་བུ་རྒྱུད་ལས་ཁོ་ཚོའི་ཁྱིམ་རྒྱུད་བཞིན་དུ་འགོ་དཔོན་བཅུ་དྲུག་དང་། ཨི་ཐ་མཱར་གྱི་བུ་རྒྱུད་ལས་ཁོ་ཚོའི་ཁྱིམ་རྒྱུད་བཞིན་དུ་འགོ་དཔོན་བརྒྱད་ཡོད་པའོ། ། ཡང་གནས་དམ་པ་དང་དཀོན་མཆོག་གི་དྲུང་དུ་འགོ་དཔོན་བྱེད་པ་ནི་ཨེ་ལི་ཨ་ཟར་གྱི་བུ་རབས་ཚ་རྒྱུད་དང་། ཨི་ཐ་མཱར་གྱི་བུ་རབས་ཚ་རྒྱུད་གཉིས་ཀའི་ཁྲོད་དུ་ཡོད་པས། ཁོ་ཚོས་རྒྱན་བླངས་ནས་ཁོ་རྣམས་ཆ་སྙོམས་ཀྱིས་བགོས་པའོ། ། དྲུང་ཡིག་སྟེ་ལེ་ཝི་པ་ནེ་ཐན་ཨེལ་གྱི་བུ་ཤེ་མ་ཡཱས་རྒྱལ་པོ་དང་། འགོ་དཔོན་རྣམས་དང་། མཆོད་དཔོན་ཟཱ་ཏོག་དང་། ཨབ་ཡཱ་ཐར་གྱི་བུ་ཨ་ཧི་མེ་ལེག་དང་། མཆོད་དཔོན་རྣམས་ཀྱི་ཁྱིམ་རྒྱུད་དང་། ལེ་ཝི་པའི་ཁྱིམ་རྒྱུད་ཀྱི་འགོ་དཔོན་རྣམས་ཀྱི་མདུན་དུ། དེ་དག་གི་མིང་ཡི་གེར་བཀོད་པ་སྟེ། ཨེ་ལི་ཨ་ཟར་གྱི་བུ་རབས་ཚ་རྒྱུད་ལས་ཁྱིམ་རྒྱུད་གཅིག་བདམས་པ་དང་། ཨི་ཐ་མཱར་གྱི་བུ་རབས་ཚ་རྒྱུད་ལས་ཀྱང་ཁྱིམ་རྒྱུད་གཅིག་བདམས་པ་ཡིན། དེ་ནས་རྒྱན་དང་པོ་ཡེ་ཧོ་ཡ་རིབ་ལ་བབས་པ་དང་། གཉིས་པ་ཡེ་དཱ་ཡ་དང་། གསུམ་པ་ཧ་རིམ་དང་། བཞི་པ་སེ་ཨོ་རིམ་དང་། ལྔ་པ་མལ་ཀི་ཡཱ་དང་། དྲུག་པ་མི་ཡ་མིན་དང་། བདུན་པ་ཧག་ཀོས་དང་། བརྒྱད་པ་ཨ་བི་ཡཱ་དང་། དགུ་པ་ཡེ་ཤུ་ཨ་དང་། བཅུ་པ་ཤེ་ཀན་ཡཱ་དང་། བཅུ་གཅིག་པ་ཨེལ་ཡཱ་ཤིབ་དང་། བཅུ་གཉིས་པ་ཡཱ་ཀིམ་དང་། བཅུ་གསུམ་པ་ཧུབ་ཕཱ་དང་། བཅུ་བཞི་པ་ཡེ་ཤེ་བེ་ཨབ་དང་། བཅོ་ལྔ་པ་པིལ་གཱ་དང་། བཅུ་དྲུག་པ་ཨིམ་མེར་དང་། བཅུ་བདུན་པ་ཧེ་ཟིར་དང་། བཅོ་བརྒྱད་པ་ཧབ་པི་ཙེ་ཟི་དང་། བཅུ་དགུ་པ་ཕེ་ཐཱ་ཡ་དང་། ཉི་ཤུ་པ་ཡེ་ཧེ་ཀེལ་དང་། ཉེར་གཅིག་པ་ཡཱ་ཀིན་དང་། ཉེར་གཉིས་པ་གཱ་མུལ་དང་། ཉེར་གསུམ་པ་དི་ལཱ་ཡ་དང་། ཉེར་བཞི་པ་མ་ཨ་ཟི་ཡཱ་ལ་བབས་པའོ། ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་དེ་དག་གི་ཕ་མེས་ཨ་རོན་ལ་བཀའ་བསྩལ་པའི་སྒྲིག་སྲོལ་བཞིན་དུ། དེ་དག་རེ་རེ་རང་གི་ལས་རེས་བཞིན་དུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ལ་ཞབས་ཕྱི་བྱེད་དུ་འོངས་པའོ། ། ལེ་ཝི་པའི་བུ་རྒྱུད་གཞན་དག་ནི། ཨམ་རམ་གྱི་བུ་རྒྱུད་ལས་ཤུ་བཱ་ཨེལ་དང་། ཤུ་བཱ་ཨེལ་གྱི་བུ་རྒྱུད་ལས་ཡེ་དེ་ཡཱའོ། ། རེ་ཧབ་ཡཱ་ལ་མཚོན་ན། རེ་ཧབ་ཡཱའི་བུ་རྣམས་ལས་བུ་སྐྱེས་འགོ་ཡིས་ཤི་ཡཱ་ཡིན་པ་དང་། ཡེས་ཧར་གྱི་བུ་རྣམས་ལས་ཤེ་ལོ་མོད་དང་ཤེ་ལོ་མོད་ཀྱི་བུ་རྣམས་ལས་ཡ་ཧད་ཡོད། ཧེབ་རོན་གྱི་བུ་རྣམས་ནི་བུ་སྐྱེས་འགོ་ཡེ་རི་ཡཱ་དང་། བུ་གཉིས་པ་ཨ་མར་ཡཱ། བུ་གསུམ་པ་ཡ་ཧ་ཟི་ཨེལ། བུ་བཞི་པ་ཡེ་ཀཱ་མེ་ཨམ་བཅས་ཡིན། ཨུ་ཟི་ཨེལ་གྱི་བུ་རྣམས་ལས་མི་ཀཱ་ཡོད་པ་དང་། མི་ཀཱའི་བུ་རྣམས་ལས་ཤཱ་མིར་ཡོད། མི་ཀཱའི་སྤུན་ནི་ཨིས་ཤི་ཡཱ་ཡིན་ལ། ཨིས་ཤི་ཡཱ་ཡི་བུ་རྣམས་ལས་ཟཱ་ཀར་ཡ་ཡོད། མཱ་རཱ་རེའེ་ཡི་བུ་ནི་མཱ་ལི་དང་མུ་ཤི། ཡ་ཨ་ཟི་ཡཱ་བཅས་ཡིན་ལ། ཡ་ཨ་ཟི་ཡཱའི་བུ་ནི་བེ་ནོའོ། ། མཱ་རཱ་རེའེ་ཡི་བུ་རྣམས་ལས་ཡ་ཨ་ཟི་ཡཱའི་བུ་བེ་ནོ་དང་། ཤོ་ཧམ། ཟག་ཀུར། ཨིབ་རི་བཅས་ཡོད། མཱ་ལི་ཡི་བུ་ནི་ཨེ་ལི་ཨ་ཟར་ཡིན་པ་དང་། ཨེ་ལི་ཨ་ཟར་ལ་བུ་མ་སྐྱེས་སོ། ། ཁི་སི་ལ་མཚོན་ན། ཁི་སིའི་བུ་རྣམས་ལས་ཡེ་ར་མེ་ཨེལ་ཡོད། མུ་ཤིའི་བུ་ནི་མཱ་ལི་དང་། ཨེ་དེར། ཡེ་རི་མོད་བཅས་ཡིན། དེ་རྣམས་ནི་ལེ་ཝི་པའི་བུ་རྒྱུད་ཡིན་ལ། ཁོ་ཚོའི་ཁྱིམ་རྒྱུད་བཞིན་དུ་ཐོ་བརྒྱབ་པའོ། ། དེ་རྣམས་ཀྱིས་ཀྱང་རང་གི་གཉེན་ཉེ་ཨ་རོན་གྱི་བུ་རྒྱུད་ལྟར་དུ་རྒྱལ་པོ་དཱ་བིད་དང་། ཟཱ་ཏོག་དང་། ཨ་ཧི་མེ་ལེག་དང་། མཆོད་དཔོན་དང་ལེ་ཝི་པའི་ཁྱིམ་རྒྱུད་ཀྱི་འགོ་དཔོན་རྣམས་ཀྱི་མདུན་དུ་རྒྱན་བླངས་པ་སྟེ། ཁྱིམ་རྒྱུད་རེ་རེའི་འགོ་དཔོན་དང་ཁོ་ཚོའི་སྤུན་ན་གཞོན་ཀུན་གྱིས་རྒྱན་བླངས་པ་ཡིན་ནོ། །