ཨེས་ཡོབ།. 21. དེ་ནས་ཨེས་ཡོབ་ཀྱིས་ལན་བཏབ་ནས་སྨྲས་པ། ཁྱོད་ཚོས་བདག་གི་གཏམ་ལ་ཞིབ་ཏུ་ཉོན་ཅིག་དང་། ། བདག་ལ་མཚོན་ན་དེ་ནི་ཁྱོད་ཚོའི་སེམས་གསོ་ཡིན། ། བདག་གིས་ཡང་བསྐྱར་གཏམ་གླེང་བྱེད་པར་གུ་ཡངས་ཐོངས། ། ངའི་གཏམ་བརྗོད་རྗེས་ཁྱོད་ཚོས་འཕྱ་མོད་བྱེད་ཆོག་ཆོག ། བདག་གིས་མིའི་མདུན་སྡུག་བསྔལ་བགྲང་བྱེད་དམ། ། ང་ཡི་སེམས་ཀྱིས་བཟོད་པ་ཅི་ལ་བསྒོམ། ། ཁྱོད་ཚོ་བདག་ཕྱོགས་འཁོར་ནས་ཧ་ལས་ཤིང་། ། རང་གི་སྨྲ་སྒོ་ལག་པས་འགེབ་པ་ཡིན། ། ང་ཡིས་དྲན་པའི་ཚེ་ན་འཇིགས་སྣང་སྐྱེ། ། བདག་གི་ལུས་ལ་འདར་ཡོམ་བྱུང་བ་ཡིན། ། མི་ངན་གསོན་པོར་ལུས་ཤིང་ཚེ་རིང་ལ། ། སྟོབས་ཤུགས་རྒྱས་ཤིང་འཕེལ་བ་ཅི་ཡིན་ནམ། ། དེ་དང་མཉམ་དུ་བུ་རྒྱུད་མིག་མདུན་གནས། ། རང་གི་ཚ་རྒྱུད་བརྟན་པོར་གནས་པ་མཐོང་། ། དེའི་ཁྱིམ་འཇིགས་པར་བྲལ་ཞིང་བདེ་བར་གནས། ། ཁོ་ཚོའི་སྟེང་དུ་དཀོན་མཆོག་དབྱུག་པ་མེད། ། ཁོ་ཚོའི་གླང་གིས་རྒྱུད་ནི་སྤེལ་ཞིང་རྒྱུན་མི་ཆད། ། ཁོ་ཚོའི་བ་མོར་བ་ཕྲུག་སྐྱེ་ཞིང་མངལ་མི་ལྷུང་། ། ལུག་ཁྱུ་བཞིན་དུ་དེ་ཚོས་བྱིས་པ་ཕྱི་རོལ་འཁྲིད། ། དེ་ཡི་བུ་ཕྲུག་རྣམས་ཀྱིས་དགའ་སྤྲོའི་བྲོ་གར་འཁྲབ། ། རྔ་དང་པི་ཝང་བསྟུན་ནས་གླུ་ལེན་ཞིང་། ། འཕྲེད་གླིང་སྒྲ་ལ་དེ་དག་དགའ་ཞིང་མགུ ། དེ་རྣམས་འཚོ་ཞིང་དོན་ཀུན་ལྷུན་གྱིས་འགྲུབ། ། སྐད་ཅིག་ཉིད་ལ་དེ་དག་གཤིན་ཡུལ་སླེབས། ། ཁོ་ཚོས་དཀོན་མཆོག་ཉིད་ལ་འདི་ལྟར་ཞུ། ། ང་ཚོ་དང་ནི་བྲལ་ནས་ཕར་བཞུད་ཅིག ། ཁྱེད་ཀྱི་ལམ་རྣམས་ང་ཚོས་རྟོགས་མི་འདོད། ། ཀུན་དབང་ཁོང་ཉིད་དོན་ལ་སུ་ཡིན་ནམ། ། ང་ཚོས་ཁོང་ལ་ཞབས་ཕྱི་ཅི་ལ་བྱེད། ། ཁོང་ལ་ཞུས་ན་ཅི་ཕན་ཞེས་པ་འོ། ། ལྟོས་དང་དེ་ཚོའི་དོན་ཀུན་འགྲུབ་པ་ནི། ། ཁོ་ཚོ་རང་ལ་བརྟེན་པ་མ་ཡིན་གྱི། ། སྡིག་སྤྱོད་ཇུས་ངན་བདག་དང་རིང་དུ་གྱེས། ། སྡིག་སྤྱོད་ཅན་གྱི་སྒྲོན་མེ་ཅི་ལྟར་གསོད། ། དེ་དག་སྟེང་དུ་ཉོན་མོངས་མི་འབྱུང་ངམ། ། དཀོན་མཆོག་ཁོང་ཉིད་ཅིའི་ཕྱིར་ཐུགས་ཁྲོས་ནས། ། དེ་ཚོར་གནོད་འཚེ་ཅི་ལྟར་བསྐྱལ་འགྱུར་རམ། ། ཅིའི་ཕྱིར་དེ་རྣམས་རླུང་བུའི་མདུན་གྱི་སོག་རོ་དང་། ། དྲག་རླུང་གིས་ནི་འཁྱེར་བའི་ཕུབ་མ་དང་འདྲ་འམ། ། དཀོན་མཆོག་ཁོང་གིས་སྡིག་ཅན་ཕྲུ་གུའི་ཆེད། ། ཉེས་ཆད་མང་པོ་གསོག་ཅེས་ཁྱོད་ཚོས་སྨྲ། ། བདག་གིས་དེ་ལ་རྒྱུ་འབྲས་སྨིན་གྱུར་ནས། ། རང་ལ་རྟོགས་པར་མཛད་ན་ལེགས་ཞེས་བརྗོད། ། དེ་ཡི་མིག་གིས་རང་ཉིད་ཕམ་པ་མཐོང་བ་དང་། ། ཀུན་དབང་ཁོང་གི་ཐུགས་ཁྲོ་དངོས་སུ་འཐུང་གྱུར་ཅིག ། དེ་ཡི་ལོ་ཟླ་ཚར་ནས་འཆི་གྱུར་ན། ། ད་དུང་རང་གི་ཁྱིམ་དེ་གཉེར་ཐུབ་བམ། ། སུ་ཡིས་དཀོན་མཆོག་ཁོང་ལ་བསླབ་ཐུབ་བམ། ། མཐོ་སར་གནས་པར་ཁོང་གིས་ཁྲིམས་ཐག་གཅོད། ། ལ་ལ་འཆི་ཁར་ད་དུང་ལུས་སྟོབས་ལྡན། ། བློ་བདེ་བག་ཕེབས་ངང་ནས་འཆི་བར་འགྱུར། ། དེ་ཡི་ལྟོ་བར་འོ་མས་བཀང་། ། དེ་ཡི་རུས་རྐང་བཅུད་ཀྱིས་ཕྱུག ། ལ་ལ་འཆི་དུས་སེམས་སུ་སྡུག་བསྔལ་བཀང་། ། བདེ་སྐྱིད་འཚོ་བ་ནམ་ཡང་རོལ་མྱོང་མེད། ། དེ་གཉིས་གཅིག་མཚུངས་ས་ནང་ཉལ་བ་སྟེ། ། དེ་གཉིས་ལུས་པོར་འབུ་ཡིས་ཁྱབ་ཅིང་ཁྱབ། ། ཁྱོད་ཚོས་བདག་ལ་གནོད་འཚེ་གཏོང་འདོད་པའི། ། ཇུས་ངན་དེ་ནི་བདག་གིས་རྟོགས་པ་སྟེ། ། ཁྱོད་ཚོས་དབང་ཅན་ཁྱིམ་གཞིས་གང་དུ་ཡོད། ། གང་ལ་སྡིག་སྤྱོད་གནས་པའི་གུར་ཡོད་ཟེར། ། ལམ་འགྲོ་བ་ལ་ཁྱོད་ཚོས་མ་དྲིས་སམ། ། དེ་ཚོའི་བདེན་དཔང་ཁྱོད་ཚོས་མི་རྟོགས་སམ། ། ཚར་གཅོད་ཉིན་ལ་སྡིག་སྤྱོད་ལུས་པ་དང་། ། ཐུགས་ཁྲོའི་ཉིན་མོར་དེ་དག་སྐྱོབ་པར་འགྱུར། ། སུས་དེའི་སྤྱོད་པ་དངོས་སུ་གསལ་བར་བྱ། ། དེ་ཡིས་བྱས་པའི་ལས་འབྲས་སུས་སྟེར་རམ། ། དེ་ནི་དུར་གྱི་ནང་དུ་བསྐྱལ་བ་དང་། ། མི་ཡིས་དུར་ཁྲོད་བསྲུངས་ནས་སྡོད་པར་འགྱུར། ། ཁོ་ཡིས་ལུང་པའི་སྤོ་ཐོ་མངར་མོར་བསམས། ། དེ་ཡི་སྔོན་ལ་གྲངས་མེད་འདས་པ་བཞིན། ། དེ་ཡི་རྗེས་སུ་སྔར་ལས་མང་པོ་འདྲེན། ། ཁྱོད་ཚོའི་ལན་ནི་ཐམས་ཅད་ནོར་བས་ན། ། སྟོང་བཤད་ཀྱིས་ནི་བདག་སེམས་ཅི་ལྟར་གསོ། །