༄༅། །སྟོན་པའི་མདོ།. 1. ཡེ་རུ་སཱ་ལེམ་གྱི་རྒྱལ་པོ་སྟེ་དཱ་བིད་ཀྱི་སྲས་སྟོན་པ་ལགས་པའི་གཏམ་ནི་འདི་ལྟ་སྟེ། སྟོང་པ་དང་ནི་སྟོང་པའི་སྟོང་པ་སྟེ། ། ཐམས་ཅད་སྟོང་པ་ཡིན་ཞེས་སྟོན་པས་གསུངས། ། མི་ཡིས་ཉི་མའི་འོག་ཏུ་སྡུག་མྱངས་ནས། ། དཀའ་བ་སྤྱད་པར་ཕན་ཐོགས་ཅི་ཞིག་ཡོད། ། མི་རབས་འདའ་ཞིང་མི་རབས་འབྱུང་མོད་ཀྱང་། ། ས་གཞིར་འགྱུར་བ་མེད་ཅིང་རྟག་ཏུ་གནས། ། ཉི་མ་འཆར་ཞིང་ཉི་མ་ནུབ་པ་དང་། ། མཇུག་མཐར་ལམ་སང་ཤར་སའི་གནས་སུ་བཞུད། ། རླུང་ནི་ལྷོ་རུ་གཡུག་ཅིང་བྱང་དུ་འཁོར། ། སྐོར་བ་བརྒྱབ་ནས་འཁོར་ཞིང་མཚམས་མི་ཆད། གཙང་པོ་མཐའ་དག་རྒྱ་མཚོར་ཞུགས་ན་ཡང་། ། རྒྱ་མཚོ་ནམ་ཡང་གང་བར་མ་གྱུར་ཏེ། ། གཙང་པོ་ཐོན་སའི་གནས་སུ་ཕྱིར་ལོག་གོ ། བྱ་བ་ཀུན་གྱིས་མི་ལ་སུན་སྣང་བསྐྱེད། ། དེ་ནི་མི་ཡིས་བརྗོད་གྱིས་མི་ལང་ངོ་། ། མིག་གིས་བལྟས་ཀྱང་ནམ་ཡང་མི་ངོམས་ལ། ། རྣ་བས་མཉན་ཡང་ཚིམ་པ་ཡེ་ནས་མེད། ། སྔར་བྱུང་དོན་རྣམས་ཡང་བསྐྱར་འབྱུང་ངེས་ལ། ། བྱས་ཟིན་དོན་རྣམས་ཡང་བསྐྱར་བྱེད་འགྱུར་བས། ། ཉི་མའི་འོག་ཏུ་གསར་པ་ཅི་ཡང་མེད། ། མི་ཡིས་འདི་ནི་གསར་པ་ཡིན་ནོ་ཞེས། ། སྨྲ་བར་ནུས་པའི་བྱ་བ་ཅི་ཡོད་དམ། ། མ་གཞི་དེ་ནི་རང་ཅག་ཡར་སྔོན་ལ། ། སྔ་མོའི་དུས་ནས་ཡོད་པ་ཡིན་ལགས་སོ། ། འདས་ཟིན་མི་རབས་སུས་ཀྱང་མི་དྲན་ལ། ། མ་འོངས་འབྱུང་འགྱུར་མི་རབས་དག་ཀྱང་ནི། ། རྗེས་མ་རྣམས་ཀྱིས་དྲན་པར་མི་འགྱུར་རོ། ། སྐབས་དེར་སྟོན་པ་བདག་ནི་ཡེ་རུ་སཱ་ལེམ་དུ་ཡེས་ར་ཨེལ་གྱི་རྒྱལ་པོ་བྱེད་དུས། བདག་གིས་རང་གི་ཤེས་རབ་ཀྱིས་གནམ་འོག་ཏུ་བྱུང་བའི་དོན་ཐམས་ཅད་ལ་སེམས་རྣལ་དུ་ཕབ་ནས་བརྟགས་པ་ན། དཀོན་མཆོག་གིས་མི་ལ་ཁུར་བོ་ལྗིད་པོ་གནང་ནས་ཁོ་ཚོར་དཀའ་སྡུག་མྱང་བར་མཛད་པའོ། ། ངས་ཉི་མའི་འོག་ཏུ་བྱུང་བའི་དོན་ཐམས་ཅད་ལ་བལྟས་པ་ན། ཐམས་ཅད་སྟོང་པ་ཡིན་པ་དང་། རླུང་ལ་ཞགས་པ་འཕེན་པ་ཙམ་ཡིན་པ་རྟོགས། འཁྱོག་པོ་ཡིན་པ་བསྲང་མི་ནུས་ལ། མེད་པ་དེ་རྩི་བར་ཡང་མི་ནུས། ངའི་སེམས་སུ་ང་ལ་ཤེས་རབ་ཆེན་པོ་ཐོབ་ཅིང་། ངའི་ཡར་སྔོན་དུ་ཡེ་རུ་སཱ་ལེམ་ལ་དབང་སྒྱུར་མཁན་ཐམས་ཅད་ལས་ཀྱང་ལྷག་པ་ཡིན་ཏེ། ངའི་སེམས་སུ་ཤེས་རབ་དང་ཤེས་བྱ་ཉམས་ལེན་ཐོབ་བྱུང་སྙམ། བདག་གིས་ཡང་བློ་སེམས་རྩེ་གཅིག་གིས་ཤེས་རབ་དང་ཤེས་བྱ་དང་། ཁེངས་དྲེགས་དང་བླུན་རྨོངས་ཅི་ཡིན་པར་ཞིབ་ཏུ་བརྟགས་པ་ན། ད་གཟོད་དེ་ཡང་རླུང་ལ་ཞགས་པ་འཕེན་པ་ཙམ་ཡིན་པ་རྟོགས་བྱུང་། ཅི་ལ་ཞེ་ན། ཤེས་རབ་འཕེལ་ན་སེམས་སྡུག་དེ་ལས་མང་ཞིང་། ཤེས་བྱ་མང་ན་མྱ་ངན་དེ་ལས་ཆེ་བ་འོ། །