༄༅།།ལུང་སྟོན་པ་ཡེ་ཤ་ཡཱའི་མདོ།. 1. འདི་ནི་ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱ་དང་ཡོ་ཐམ། ཨ་ཧ་ཟཱ། ཧི་ཟི་ཀི་ཡཱ་བཅས་བཞི་པོའི་རིང་དུ་ཨ་མོ་ཟིའི་བུ་ཡེ་ཤ་ཡཱ་ལ་བྱུང་བའི་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་སྐོར་གྱི་ཞལ་གཟིགས་ཡིན་ནོ། ། ཀྱེ་ནམ་མཁའི་དབྱིངས་རྣམས་ཀྱིས་ཉོན་དང་། ཀྱེ་ས་གཞི་ཡིས་དཀོན་མཆོག་ཡ་ཝཱེའི་གསུང་ལ་ཞིབ་ཏུ་ཉོན་ཅིག ཁོང་ན་རེ། བདག་གིས་ཕྲུ་གུ་རྣམས་གསོས་ཤིང་བསྐྱངས་ནའང་། དེ་དག་གིས་བདག་ལ་ངོ་ལོག་བྱས། བ་གླང་གིས་རང་གི་བདག་པོ་ངོ་ཤེས་པ་དང་། བོང་བུས་རང་གི་བདག་པོའི་ཁ་ར་ངོས་ཟིན་ནའང་། ཡེས་ར་ཨེལ་གྱིས་དེ་ཙམ་ཡང་མི་རྟོགས། བདག་གི་འབངས་མིས་ང་རང་མི་ཤེས་ཞེས་གསུངས་སོ། ། ཀྱེ་སྡིག་པ་ཅན་གྱི་མི་རིགས། སྡིག་ཉེས་ཚབས་ཆེ་བའི་མི་རྣམས། ངན་སྤྱོད་ཅན་གྱི་བུ་རབས་ཚ་རྒྱུད། ངན་པར་གྱུར་པའི་བུ་དང་བུ་མོ། འདི་དག་གིས་དཀོན་མཆོག་ཡ་ཝཱེ་སྤངས་ཤིང་། ཡེས་ར་ཨེལ་གྱི་དམ་པ་ཉིད་ལ་མཐོང་ཆུང་བྱས་ནས་ཡོངས་སུ་དོར། ཁྱོད་ལ་ད་དུང་རྡུང་རྡེག་གཏོང་དགོས་སམ། ཁྱོད་ཀྱིས་བསྟུད་མར་ངོ་ལོག་བྱེད་དོན་ཅི། དེ་བས་ཁྱོད་ཀྱི་མགོ་ལ་རྨས་ཕོག་ནས་སྙིང་ཞུམ་པར་གྱུར་ཅིང་། རྐང་མཐིལ་ནས་སྤྱི་བོའི་བར་དུ་སྐྱོན་མེད་ས་གཅིག་ཀྱང་ལུས་མེད་དེ། རྨ་ཤུལ་དང་ལྕག་ཚན་བསྣུན་ཤུལ་དང་། ཁྲག་བཞུར་བའི་རྨ་ཁ་བཅས་ཀྱིས་གང་འདུག་ལ། རྨ་ཁ་རྣམས་མ་བཙིར་མ་བསྡམས་ལ། འབྱུག་སྣུམ་གྱིས་འཇམ་པོའང་བྱས་མེད་དོ། ། ཁྱོད་ཀྱི་ཡུལ་ནི་དབེན་སྟོང་དུ་གྱུར་ཅིང་གྲོང་ཁྱེར་རྣམས་མེ་ཡིས་བསྲེགས། འཁྱམ་པོ་ཚོས་ཁྱོད་ཅག་གི་ཞིང་ས་རྣམས་ཁྱོད་ཅག་གི་མདུན་ནས་ཁྱུར་མིད་བཏང་ཞིང་། འཁྱམ་པོ་ཚོས་དེ་ལྟར་བཤིག་ནས་སྟོང་བར་བྱས། ཛ་ཡན་གྱི་བུ་མོ་ནི་རྒུན་ཚལ་ཁྲོད་ཀྱི་སྤྱིལ་བུ་དང་ཁི་རའི་ཞིང་ཁའི་ཁང་བུ་དང་། མཐའ་བཞི་ནས་བསྐོར་བའི་གྲོང་ཁྱེར་དང་འདྲའོ། ། གལ་སྲིད་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་རང་ཅག་ལ་སྲོག་ཉེན་ལས་ཐར་བ་འགའ་རེ་བསྐྱུར་བ་མིན་ཚེ། རང་ཅག་ནི་སཱ་དོམ་དང་གཱ་མོ་ར་ལྟ་བུར་གྱུར་ཡོད། ཀྱེ་སཱ་དོམ་གྱི་འགོ་དཔོན་ཚོ། དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག ཀྱེ་གཱ་མོ་རའི་མི་རྣམས། རང་རེའི་དཀོན་མཆོག་གི་བཀའ་སློབ་ལ་རྣ་བ་གཏོད་ཅིག དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་གི་མཆོད་པ་རྒྱ་ཆེ་ཡང་ང་ལ་ཕན་པ་གང་ཡང་མེད། བདག་ནི་ལུག་ཐུག་གི་སྦྱིན་སྲེག་དང་། ཕྱུགས་ཤ་ཤེད་ཅན་གྱི་ཚིལ་གྱིས་ཚིམས་ཡོད་པས། བ་གླང་དང་ལུ་གུ ར་ཐུག་གི་ཁྲག་བཅས་ལ་དགའ་བ་མེད་དོ། ། ཁྱོད་ཅག་ངའི་མདུན་དུ་ཡོང་དུས། ངའི་ར་སྐོར་རྣམས་ལ་རྡོག་རྫིས་བཏང་བ་དེ་སུའི་འདོད་པ་ཡིན་ནམ། ཕྱིན་ཆད་སྙིང་པོ་མེད་པའི་མཆོད་པ་ཁྱེར་ནས་འོང་མི་དགོས། བདུག་སྤོས་ལ་བདག་ཡི་ག་ལོག་ཡོད། ཚེས་གཅིག་དང་ངལ་གསོ་བའི་ཉིན་མོ། འདུ་འཛོམས་བཅས་ལ་བདག་སུན་སྣང་སྐྱེས། ཁྱོད་ཚོས་སྡིག་ཉེས་དང་བཅས་འདུ་འཛོམས་དམ་ནན་སྲུང་བ་ནི་བདག་གིས་བཟོད་མི་ཐུབ་པ་ཡིན། ཁྱོད་ཅག་གི་ཚེས་གཅིག་གི་དུས་ཆེན་དང་གཏན་ལ་ཁེལ་བའི་དུས་ཆེན་རྣམས་ལ་བདག་སེམས་ནས་སྡང་། དེ་དག་ནི་ང་ལ་ཁྲེས་པོ་ཞིག་ཡིན་པས་དེ་དག་འཁུར་བར་བདག་སུན་སྣང་སྐྱེས་བྱུང་། དེ་བས་ཁྱོད་ཅག་གིས་ལག་ཟུང་བརྐྱངས་ནས་སྨོན་ལམ་འདེབས་དུས། ངས་རང་གི་མིག་བཀབ་ནས་ཁྱོད་ཅག་ལ་ལྟ་བ་མིན། ཁྱོད་ཅག་གི་ལག་པ་ཁྲག་གིས་བརྫིས་ཡོད་པས་ཁྱོད་ཀྱིས་སྨོན་ལམ་མང་པོ་བཏབ་ཀྱང་ངས་དེ་ལ་མཉན་པར་མི་བྱའོ། ། ཁྱོད་ཅག་གིས་རང་ཉིད་བཀྲུས་ནས་གཙང་མར་བཟོ་དགོས། རང་གི་སྡིག་སྤྱོད་རྣམས་ངའི་མིག་སྔ་ནས་མེད་པར་ཐོངས། བྱ་སྤྱོད་ངན་པ་དག་མཚམས་འཇོག་པར་གྱིས། དོན་བཟང་སྒྲུབས་ལ་ཁྲིམས་དྲང་པོར་སྐྱོངས། གདུག་རྩུབ་ཅན་ལ་གཤེ་གཤེ་ཐོངས། དྭ་ཕྲུག་ལ་བདེན་ལུགས་སྦྱིན་པ་དང་ཡུགས་མོ་བསྲུང་བར་གྱིས་ཤིག་ཅེས་གསུངས་སོ། ། ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཤོག་དང་རང་ཅག་གིས་མཉམ་དུ་རྩོད་པར་བྱ། ཁྱོད་ཅག་གི་སྡིག་པ་ནི་དམར་པོ་ཁྲག་དང་འདྲ་ཡང་དེ་ནི་ཁ་བ་ལྟར་དཀར་པོར་འགྱུར་བ་དང་། དེ་རྣམས་དམར་པོ་དམར་རྐྱང་ཡིན་ཡང་བལ་ལྟར་དཀར་པོར་འགྱུར་འོང་། གལ་སྲིད་ཁྱོད་བཀའ་བརྩི་བར་མོས་ན། ས་གཞིའི་ལོ་ཏོག་ཡིད་དུ་འོང་བ་རྣམས་ཁྱོད་ཀྱིས་བཟའ་བར་འགྱུར། འོན་ཀྱང་ཁྱོད་ཀྱིས་བཀའ་མི་བརྩི་བར་ངོ་ལོག་བྱས་ན་རལ་གྲིས་འགེམས་པར་འགྱུར་ཞེས་པའོ། །དཀོན་མཆོག་ཡ་ཝཱེས་དངོས་སུ་དེ་ལྟར་གསུངས་པའོ། ། བློ་དཀར་བའི་གྲོང་ཁྱེར་དེ་སྨད་འཚོང་མ་རུ་ཇི་ལྟར་གྱུར། སྔོན་ཆད་དེ་ནི་དྲང་གཞག་དང་དྲང་བདེན་གྱི་གནས་ཚང་ཞིག་ཡིན་ནའང་། ད་ལྟ་དེར་ལག་དམར་མང་པོས་གང་འདུག ཁྱོད་ཀྱི་དངུལ་རྣམས་སྙིགས་རོར་གྱུར་ཅིང་། ཁྱོད་ཀྱི་རྒུན་ཆང་ཆུ་ལ་འདྲེས་འདུག ཁྱོད་ཀྱི་འགོ་དཔོན་རྣམས་ཀྱིས་གྱེན་ལོག་བྱས་ཏེ་ཇག་རྐུན་རྣམས་ཀྱི་འགྲོགས་ཡ་རུ་གྱུར། མི་ཐམས་ཅད་ལྐོག་རྔན་ལ་རྔམ་ཞིང་བརྔན་པར་སྙེག་གོ །ཁོ་ཚོས་དྭ་ཕྲུག་རྣམས་ལ་བདེན་ལུགས་མི་སྟེར་ཞིང་། ཡུགས་མོའི་གྱོད་གཞི་རྣམས་ཀྱང་ཁོ་ཚོའི་མདུན་དུ་འབྱོར་ཐབས་མེད། དེ་བས་དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེ་སྟེ། ཡེས་ར་ཨེལ་གྱི་མཐུ་སྟོབས་ཆེན་པོ་ལྡན་པ་ཡིས་འདི་སྐད་དུ། བདག་གིས་རང་གི་དགྲ་ཟླར་ཤ་འཁོན་རྩོད་ཅིང་དགྲ་རྣམས་ལ་འཁོན་ལན་སློག་དགོས། ངས་རང་གི་ལག་པ་བརྐྱངས་ནས། ཁྱོད་ཀྱི་སྙིགས་རོ་རྣམས་འདག་རྫས་ཀྱིས་བཀྲུ་བ་ལྟར་བཀྲུས་ནས་ཁྱོད་ཀྱི་སྐྱོན་སེལ་བར་བྱའོ། ། ངས་ཁྱོད་ཀྱི་ཁྲིམས་དཔོན་རྣམས་སྔོན་ལྟར་འཇོག་ཅིང་། ཁྱོད་ཀྱི་སློབ་སྟོན་པ་དག་སྔར་བཞིན་འཇོག་དགོས། དེའི་རྗེས་སུ་ཁྱོད་ལ་དྲང་བདེན་གྱི་གྲོང་ཁྱེར་དང་། བློ་དཀར་བའི་གྲོང་ཁྱེར་ཞེས་འབོད་དོ་ཞེས་གསུངས་སོ། ། ཛ་ཡན་ནི་དྲང་གཞག་གི་དབང་གིས་ཐར་བར་འགྱུར་ལ། གྲོང་ཁྱེར་ནང་གི་འགྱོད་བཤགས་བྱེད་མཁན་རྣམས་ཀྱང་དྲང་བདེན་གྱི་དབང་གིས་ཐར་བར་འགྱུར། འོན་ཀྱང་ངོ་ལོག་པ་དང་སྡིག་ཅན་ཐམས་ཅད་ནི་ལྷན་ཅིག་ཏུ་མེད་པར་འགྲོ་ལ། དཀོན་མཆོག་ཡ་ཝཱེ་འདོར་མཁན་རྣམས་ཀྱང་ནུབ་པར་འགྱུར་རོ། ། ཁྱོད་རྣམས་ནི་རང་ཉིད་དགའ་བའི་བེ་ཤིང་གིས་ངོ་ཚར་སྦྱོར་ཞིང་། ཁྱོད་ཅག་གིས་བདམས་པའི་སྐྱེད་ཚལ་རྣམས་ཀྱིས་ནོངས་པར་བྱ། ཅི་ལ་ཞེ་ན། ཁྱོད་ནི་ལོ་མ་ལྷུང་བའི་བེ་ཤིང་དང་། ཆུ་དཀོན་པའི་སྐྱེད་ཚལ་ལྟ་བུར་འགྱུར་ངེས། མི་སྟོབས་ཆེན་དེ་བལ་སྐུད་ལྟར་འགྱུར་ཞིང་། ཁོའི་ལས་དོན་རྣམས་མེ་སྟག་བཞིན་ཡིན་ལ། དེ་གཉིས་ལྷན་ཅིག་ཏུ་འབར་འགྲོ་བས་སུས་ཀྱང་མེ་དེ་གསོད་མི་ནུས་སོ། །