༄༅། །ལུང་སྟོན་པ་ཨེ་ཟེ་ཀི་ཨེལ་གྱི་མདོ།. 1. དེ་ཡང་ལོ་སུམ་ཅུ་པའི་ཟླ་བཞི་པའི་ཚེས་ལྔ་ཉིན་ལ། ང་རང་ཀེ་བར་ཡུར་བའི་འགྲམ་དུ་ཡོད་དུས། ནམ་མཁའི་སྒོ་མོ་ཕྱེས་ནས་ངས་དཀོན་མཆོག་གི་ཞལ་གཟིགས་མཐོང་བ་དང་། དུས་དེར་ང་ནི་བཙོན་དུ་ཁྲིད་པའི་མི་རྣམས་ཀྱི་ཁྲོད་དུ་ཡོད་དོ། ། ཡང་རྒྱལ་པོ་ཡེ་ཧོ་ཡཱ་ཀིན་བཙོན་དུ་ཁྲིད་པའི་ལོ་ལྔ་པའི་ཟླ་བཞི་པ་ཡི་ཚེས་ལྔ་ཉིན་ལ། ཀལ་དི་པའི་ཡུལ་ཁམས་ཀྱི་ཀེ་བར་ཡུར་བའི་འགྲམ་དུ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་བུ་ཟིའི་བུ་སྟེ་མཆོད་དཔོན་ཨེ་ཟེ་ཀི་ཨེལ་ལ་དངོས་སུ་བྱུང་བ་སྟེ། དཀོན་མཆོག་ཡ་ཝཱེའི་ཕྱག་ནི་ཁོའི་སྟེང་དུ་བཞག་པའོ། ། དེ་ནས་ངས་བལྟས་པ་ལ། བྱང་ཕྱོགས་ནས་རླུང་དམར་ཞིག་གཡུགས་འོངས་པ་དང་བཅས། མེ་ལྕེ་ཁྱུག་པའི་སྤྲིན་ཕུང་ཆེན་པོ་ཞིག་མཐོང་བ་དང་། དེའི་མཐའ་བཞི་ནས་འོད་ཟེར་འཕྲོས་ཤིང་། སྤྲིན་གྱི་མེ་ལྕེའི་ནང་དུ་འོད་འཕྲོ་བའི་ལྕགས་རིགས་ཡོད་པ་དང་འདྲ་སྟེ། མེ་ལྕེ་དེའི་ནང་དུ་སེམས་ཅན་བཞི་ཡི་རྣམ་པ་ཤར་བྱུང་ལ། དེ་དག་གི་རྣམ་པ་ནི་འདི་ལྟ་སྟེ། དེ་ཐམས་ཅད་ལ་མིའི་གཟུགས་དབྱིབས་ཡོད་པ་དང་། དེ་དག་རེ་རེ་ལ་གདོང་བཞི་དང་། གཤོག་པ་བཞི་རེ་ཡོད་དེ། དེ་དག་གི་རྐང་པ་ནི་དྲང་པོ་ཡིན་ལ། རྐང་མཐིལ་ནི་བ་ཕྲུག་གི་རྨིག་པ་དང་འདྲ་ཞིང་། ཡོད་ཚད་འོད་ཟེར་འཕྲོ་ཞིང་གཡའ་དག་པའི་ལི་དང་འདྲའོ། ། ཡང་དེ་དག་གི་ཕྱོགས་བཞི་ཡི་གཤོག་པའི་འོག་ཏུ་མི་ཡི་ལག་པ་ཡོད་དེ། སེམས་ཅན་བཞི་པོའི་གདོང་དང་གཤོག་པ་ནི་འདི་ལྟ་སྟེ། དེ་དག་གི་གཤོག་པ་ནི་ཕན་ཚུན་འབྲེལ་ཞིང་། འགྲོ་སྐྱོད་བྱེད་དུས་ཁ་ཕྱིར་འཁོར་མི་དགོས་ལ། ཐམས་ཅད་མདུན་དུ་སྐྱོད་པ་ཡིན། ཡང་དེ་དག་གི་གདོང་གི་རྣམ་པ་ནི། སེམས་ཅན་བཞི་པོར་མི་ཡི་གདོང་ཡོད་པ་དང་། གཡས་ཕྱོགས་སུ་རེ་རེར་སེང་གེའི་གདོང་དང་། གཡོན་ཕྱོགས་སུ་རེ་རེར་གླང་གི་གདོང་ཡོད་དེ། རྒྱབ་ཏུ་རེ་རེར་གླག་གི་གདོང་ཡོད་དོ། ། ཡང་དེ་དག་གི་གདོང་ནི་འདི་ལྟ་སྟེ། དེ་དག་རེ་རེས་གོང་གི་གཤོག་པ་གཉིས་བརྐྱངས་ཏེ་ཕན་ཚུན་སྦྲེལ་བ་དང་། འོག་གི་གཤོག་པ་གཉིས་ཀྱིས་ལུས་པོ་བསྒྲིབས་པའོ། ། དེ་དག་རེ་རེ་ནི་མདུན་དུ་སྐྱོད་པ་དང་། ཐུགས་ཉིད་གང་དུ་ཕེབས་ན་དེ་དག་ཀྱང་དེ་རུ་སྐྱོད་ཅིང་། དེ་དག་སྐྱོད་དུས་ཁ་ཕྱིར་འཁོར་མི་དགོས་སོ། ། སེམས་ཅན་བཞི་པོའི་རྣམ་པ་ནི་མེ་འབར་བའི་སོལ་བ་དང་འདྲ་ཞིང་། ཡང་དཔལ་འབར་དང་མཚུངས་པ་ཡིན། མེ་ལྕེ་དེ་ནི་སེམས་ཅན་བཞི་པོའི་དཀྱིལ་དུ་གང་སར་རྒྱུ་བ་དང་། མེ་དེ་ཤིན་ཏུ་གསལ་ཞིང་དེ་ལས་གློག་འཁྱུག་ལ། གློག་འཁྱུག་པ་བཞིན་སེམས་ཅན་བཞི་པོ་ཕར་ཚུར་རྒྱུ་བའོ། ། ངས་སེམས་ཅན་དེ་དག་ལ་ལྟ་དུས། སེམས་ཅན་བཞི་པོའི་ལོགས་སུ་ས་ལ་ཐུག་པའི་འཁོར་ལོ་བཞི་ཡོད་པ་མཐོང་སྟེ། འཁོར་ལོ་བཞི་པོའི་དབྱིབས་དང་གྲུབ་ཚུལ་ནི་རྣམ་པ་གཅིག་ཡིན་པ་དང་། དེ་དག་ནི་འོད་ཟེར་ལྡན་པའི་བཻཌཱུརྱ་ལྗང་སེར་དང་མཚུངས་ཤིང་། ཡང་འཁོར་ལོ་རྣམས་ཕན་ཚུན་བསྣོལ་ཡོད་པ་འདྲ། འཁོར་ལོ་དེ་དག་སྐྱོད་དུས་སུ་ཕྱོགས་བཞི་རུ་སྐྱོད་ནུས་ཤིང་ཁ་ལོ་བསྒྱུར་མི་དགོས་ལ། འཁོར་ལོའི་མུ་ཁྱུད་ཤིན་ཏུ་མཐོ་ཞིང་འཇིགས་སུ་རུང་བ་ཞིག་ཡིན་ཏེ། འཁོར་ལོའི་མུ་ཁྱུད་བཞི་པོའི་སྟེང་དུ་མིག་གིས་ཁེངས་ཡོད། ཡང་སེམས་ཅན་དེ་དག་སྐྱོད་དུས་དེ་དག་གི་ལོགས་སུ་ཡོད་པའི་འཁོར་ལོ་རྣམས་ཀྱང་མཉམ་དུ་སྐྱོད་ཅིང་། སེམས་ཅན་དེ་དག་ས་ལས་འཕགས་དུས་འཁོར་ལོ་རྣམས་ཀྱང་མཉམ་དུ་འཕགས་པ་ཡིན། ཐུགས་ཉིད་གང་དུ་ཕེབས་ན་སེམས་ཅན་རྣམས་དེ་རུ་འགྲོ་ཞིང་། འཁོར་ལོ་དག་ཀྱང་མཉམ་དུ་འཕགས་པ་ཡིན། གང་ལ་ཞེ་ན། སེམས་ཅན་རྣམས་ཀྱི་ཐུགས་ཉིད་ནི་འཁོར་ལོའི་ནང་དུ་ཡོད་པའོ། ། སེམས་ཅན་རྣམས་སྐྱོད་དུས་འཁོར་ལོ་དག་ཀྱང་མཉམ་དུ་སྐྱོད་པ་དང་། སེམས་ཅན་རྣམས་ལངས་ནས་སྡོད་དུས་འཁོར་ལོ་དག་ཀྱང་ལངས་འདུག་པ་ཡིན། སེམས་ཅན་རྣམས་ས་ལས་འཕགས་དུས་འཁོར་ལོ་རྣམས་ཀྱང་མཉམ་དུ་འཕགས་པ་ཡིན། གང་ལ་ཞེ་ན། སེམས་ཅན་རྣམས་ཀྱི་ཐུགས་ཉིད་ནི་འཁོར་ལོའི་ནང་དུ་ཡོད་པའོ། ། སེམས་ཅན་རྣམས་ཀྱི་གཙུག་ཏུ་ནམ་མཁའི་དབྱིབས་དང་འདྲ་བའི་གཟུགས་བརྙན་ཞིག་ཡོད་ཅིང་། འོད་ཟེར་འཕྲོ་བའི་ཆུ་ཤེལ་བཞིན་ཤིན་ཏུ་འཇིགས་སུ་རུང་བ་དང་། དེ་དག་ནི་སེམས་ཅན་རྣམས་ཀྱི་གཙུག་ཏུ་ཁྱབ་པ་ཡིན། ནམ་མཁའི་འོག་ཏུ་སེམས་ཅན་རྣམས་ཀྱི་གཤོག་པ་ནི་དྲང་པོར་བརྐྱངས་ཏེ་ཕན་ཚུན་ཐུག་ནས། རེ་རེས་གཤོག་པ་གཉིས་ཀྱིས་ལུས་པོ་བསྒྲིབས་པ་ཡིན། སེམས་ཅན་རྣམས་སྐྱོད་དུས་སུ་ངས་དེ་དག་གི་གཤོག་སྒྲ་ཐོས་པ་ནི་ཆུ་ལོག་གི་སྒྲ་དང་ཀུན་དབང་ཉིད་ཀྱི་གསུང་སྐད། དཔུང་ཚོགས་ཀྱིས་ཅ་ཅོ་སྒྲོག་པ་བཞིན་ཡིན་ནོ། །ཡང་དེ་དག་ལངས་ནས་སྡོད་དུས་གཤོག་པ་ཐུར་དུ་འཕྱང་ངོ་། ། དེ་ཚོའི་མགོ་ཐོག་གི་ནམ་མཁའ་ནས་གསུང་སྐད་ཅིག་བྱུང་ཞིང་། དེ་དག་ལངས་ནས་སྡོད་དུས་གཤོག་པ་ནི་ཐུར་དུ་འཕྱང་བ་ཡིན། དེ་ཚོའི་མགོ་ཐོག་གི་ནམ་མཁའི་ཡང་སྟེང་དུ། རིན་ཆེན་སྔོན་པོ་དང་འདྲ་བའི་བཞུགས་ཁྲིའི་དབྱིབས་ཡོད་དེ། བཞུགས་ཁྲིའི་དབྱིབས་དེའི་སྟེང་དུ་མི་ཡི་བཟོ་ལྟ་དང་འདྲ་བའི་གཟུགས་བརྙན་ཞིག་ཡོད་དོ། ། ངས་དེའི་རྐེད་པའི་ཡན་ཆད་ནི་འོད་འཕྲོ་བའི་ལྕགས་རིགས་དང་འདྲ་ཞིང་། མེ་ཡིས་དེའི་ཕྱོགས་བཞིར་བསྐོར་ཡོད་པ་མཐོང་བ་དང་། ཡང་ངས་དེའི་རྐེད་པའི་མན་ཆད་ནི་མེ་ཡི་དབྱིབས་ལྟ་བུ་ཡོད་པ་དང་། འོད་ཟེར་གྱིས་ཁོང་གི་མཐའ་ནས་བསྐོར་ཡོད་པ་མཐོང་བྱུང་། ཆར་དུས་སུ་སྤྲིན་པའི་ཁྲོད་ཀྱི་འཇའ་ཚོན་ཇི་ལྟར་ཡིན་ན། ཁོང་གི་མཐའ་ནས་བསྐོར་བའི་འོད་ཟེར་ཡང་དེ་ལྟར་ཡིན་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་ལྡན་པའི་སྣང་བརྙན་ལགས་ཏེ། ངས་དེ་མཐོང་བ་ཙམ་གྱིས་ཁ་ས་ལ་གཏད་པ་དང་། དེ་ནས་གསུང་སྐད་ཅིག་ཐོས་བྱུང་ངོ་། །