༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ།. 1. ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱ་དང་ཡེས་ར་ཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨ་སི་ཡི་བུ་ཡེ་རོབ་ཨམ་གཉིས་རྒྱལ་པོར་སྡོད་པའི་དུས་སུ། ས་འགུལ་ཆེན་པོ་མ་བྱུང་བའི་ལོ་གཉིས་ཀྱི་སྔོན་ལ་ཐེ་ཀོ་ཨའི་ལུག་རྫི་ཁྲོད་ཀྱི་ཨ་མོ་སི་ཡིས་མཐོང་བའི་ཞལ་གཟིགས་ཏེ་ཡེས་ར་ཨེལ་དང་འབྲེལ་བའི་བཀའ་ནི་འདི་ལྟ་སྟེ། ཨ་མོ་སི་ན་རེ། དཀོན་མཆོག་ཡ་ཝཱེས་ཛ་ཡན་ནས་ང་རོ་འདོན་ཞིང་། ཡེ་རུ་སཱ་ལེམ་ནས་གསུང་སྐད་བསྒྲགས་པས། ལུག་རྫི་རྣམས་ཀྱི་རྩྭ་ས་སྐྱོ་ཞིང་། ཀར་མེལ་གྱི་རི་རྩེ་སྐམ་པར་འགྱུར་ཞེས་སྨྲས་སོ། ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དཱ་མེ་སེག་གིས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་དེ་ལ་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན། ཅིའི་ཕྱིར་ཞེ་ན། དེ་དག་གིས་གཡུལ་གཅོག་བྱེད་ལྕགས་ཆས་ཀྱིས་གིལ་ཨད་ལ་བརྙས་བཅོས་བྱས་པས། ངས་ཧ་ཟཱ་ཨེལ་གྱི་ཕོ་བྲང་དུ་མེ་འཕངས་ནས། པེན་ཧ་དཱད་ཀྱི་མཁར་རྫོང་རྣམས་རྩ་མེད་དུ་གཏོང་བར་འགྱུར། ཡང་ངས་དཱ་མེ་སེག་གི་སྒོ་གཏན་བཅག་སྟེ། ཨ་ཝེན་ཐང་ཆེན་གྱི་ཡུལ་མི་རྣམས་ཚར་དུ་གཅོད་ཅིང་། ད་དུང་པེད་ཨེ་དེན་གྱི་དབང་འཛིན་འགོ་དཔོན་དང་། ཨ་རམ་པའི་འབངས་མི་དང་བཅས་ཀིར་དུ་བཙོན་ལ་འཁྲིད་པར་འགྱུར་ཞེས་གསུངས་པ་སྟེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། གཱ་ཟཱས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་དེ་ལ་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན་ཏེ། ཅིའི་ཕྱིར་ཞེ་ན། དེས་མི་ཐམས་ཅད་བཟུང་ནས་ཨེ་དོམ་ལ་སྤྲད་པས། ངས་གཱ་ཟཱའི་གྲོང་ཁྱེར་ནང་དུ་མེ་འཕངས་ནས། དེའི་མཁར་རྫོང་རྣམས་ཁྱུར་མིད་གཏོང་ཞིང་། ཡང་ངས་ཨ་སི་དོད་ཀྱི་ཡུལ་མི་རྣམས་དང་། ཨ་ཤཱ་ཀེ་ལོན་གྱི་དབང་འཛིན་འགོ་དཔོན་རྣམས་ཚར་དུ་གཅོད་ཅིང་། ངས་ལག་པ་བརྐྱངས་ཏེ་ཨེག་རོན་ལ་རྒོལ་བར་འགྱུར་ལ། ཕེ་ལེ་ཤེད་པའི་ལྷག་ལུས་རྣམས་རྩ་མེད་དུ་གཏོང་བར་འགྱུར་ཞེས་གསུངས་ཏེ། གཙོ་བོ་ཡ་ཝཱེས་འདི་སྐད་གསུངས་སོ། ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཐཱར་གྱིས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་དེ་ལ་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན་ཏེ། ཅིའི་ཕྱིར་ཞེ་ན། དེས་མི་ཐམས་ཅད་ཨེ་དོམ་ལ་སྤྲད་པར་མ་ཟད། སྤུན་ཟླ་དང་བཞག་པའི་མནའ་ཆིངས་མ་དྲན་པས། ངས་ཐཱར་གྱི་གྲོང་ཁྱེར་ནང་དུ་མེ་འཕངས་ནས། དེའི་མཁར་རྫོང་རྣམས་ཁྱུར་མིད་གཏོང་བར་འགྱུར་ཞེས་གསུངས་སོ། ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཨེ་དོམ་གྱིས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་དེ་ལ་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཡིས་རང་གི་སྤུན་ཟླ་རྣམས་འདེད་བཅོམ་བྱེད་པར་རལ་གྲི་བཟུང་སྟེ། སྙིང་རྗེ་སྤུ་ཙམ་ཡང་མེད་པ་དང་། དེ་ཁོང་ཁྲོ་ལངས་ནས་ཐེར་ཚལ་སྦར་ཚལ་བཏང་ཞིང་། དེའི་ཁོང་ཁྲོ་ཆེན་པོ་ནམ་ཡང་ཞི་བར་མི་འགྱུར་བས། ངས་ཐེ་མཱན་ལ་མེ་འཕངས་ནས། པོ་ཚ་རཱའི་མཁར་རྫོང་རྣམས་ཁྱུར་མིད་གཏོང་བར་འགྱུར་ཞེས་གསུངས་སོ། ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཨམ་མོན་གྱིས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་དེ་ལ་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན་ཏེ། ཅིའི་ཕྱིར་ཞེ་ན། དེས་ས་མཚམས་ཇེ་ཆེར་གཏོང་བའི་ཆེད་དུ། ཐ་ན་གིལ་ཨད་ཀྱི་སྦྲུམ་མའི་ཁོག་པའང་གཤགས་པས། འཐབ་མོའི་ངར་སྐད་སྒྲོག་པའི་དུས་དང་། ཆར་རླུང་དང་རླུང་ནག་འཚུབ་པའི་སྐབས་སུ། ངས་རབ་བཱའི་གྲོང་ཁྱེར་ནང་དུ་མེ་འཕངས་ནས། དེའི་མཁར་རྫོང་རྣམས་ཁྱུར་མིད་གཏོང་ཞིང་། ཡང་དེའི་རྒྱལ་པོ་བཙོན་དུ་འཁྲིད་པར་འགྱུར་ཞིང་། རྒྱལ་པོ་ནི་བློན་པོ་རྣམས་དང་བཅས་བཙོན་དུ་འཁྲིད་པར་འགྱུར་ཞེས་གསུངས་པ་སྟེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། །