༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ།. 1. དེ་ཡང་རྒྱལ་པོ་དར་ཡཱས་སྲིད་སྐྱོང་བའི་ལོ་གཉིས་པའི་ཟླ་བརྒྱད་པར་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཨིད་དོའི་ཚ་བོའམ་པེ་རེག་ཡཱའི་བུ་ཡིན་པའི་ལུང་སྟོན་པ་ཟཱ་ཀར་ཡ་ལ་བྱུང་ནས་འདི་སྐད་དུ། སྔར་དཀོན་མཆོག་ཡ་ཝཱེ་ཁྱོད་ཅག་གི་ཕ་མེས་རྣམས་ཀྱི་སྟེང་ཐུགས་རབ་ཏུ་ཁྲོས་སོ། ། དེ་བས་ཁྱོད་ཀྱིས་འབངས་མི་རྣམས་ལ་འདི་ལྟར་སྨྲོས་ཤིག དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་བདག་གི་ཕྱོགས་སུ་འཁོར་ན། བདག་ཀྱང་ཁྱོད་ཅག་གི་ཕྱོགས་སུ་འཁོར་བར་བྱའོ་ཞེས་གསུངས་ཏེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། ཁྱོད་ཅག་གིས་རང་གི་མེས་པོ་རྣམས་དང་འདྲ་བར་མ་བྱེད་ཅིག སྔ་མའི་ལུང་སྟོན་པ་རྣམས་ཀྱིས་དེ་རྣམས་ལ་འདི་ལྟར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཕྱིར་ལོག་ཤོག རང་གི་བགྲོད་ལམ་ངན་པ་དང་བྱ་སྤྱོད་ངན་པར་འབྲལ་བར་གྱུར་ཅིག་ཅེས་གསུངས་ཞེས་བོས་ནའང་དེ་དག་གིས་མ་མཉན་ལ། བདག་ལ་ཁ་ཡའང་མ་བྱས་སོ་ཞེས་གསུངས་ཏེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། ཁྱོད་ཅག་གི་ཕ་མེས་རྣམས་གང་དུ་ཡོད་དམ། ལུང་སྟོན་པ་རྣམས་དུས་གཏན་དུ་གསོན་པོར་གནས་པ་ཡིན་ནམ། འོན་ཀྱང་ངས་བདག་གི་ཞབས་ཕྱི་ལུང་སྟོན་པ་རྣམས་ལ་བསྒོས་པའི་བཀའ་དང་སྒྲིག་སྲོལ་རྣམས་ནི་ཁྱོད་ཅག་གི་ཕ་མེས་རྣམས་ཀྱི་སྟེང་དུ་བྱུང་བ་མ་ཡིན་ནམ། དེ་བས་ཁོ་རྣམས་ཀྱིས་འགྱོད་བཤགས་བྱས་ཏེ་ན་རེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་རང་ཅག་གི་བགྲོད་ལམ་དང་བྱ་སྤྱོད་བཞིན་དུ་རང་ཅག་ལ་མཛད་པར་ཐུགས་ཐག་བཅད་པ་དང་། ཁོང་གིས་དེ་བཞིན་མཛད་ཟིན་ཞེས་སྨྲས་པའོ་ཞེས་གསུངས་སོ། ། དེ་ཡང་རྒྱལ་པོ་དར་ཡཱའི་ལོ་གཉིས་པའི་ཟླ་བཅུ་གཅིག་པ་སྟེ་ཤེ་བད་ཟླ་བ་ཞེས་པའི་ཚེས་ཉེར་བཞི་ཉིན་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཨིད་དོའི་ཚ་བོའམ་པེ་རེག་ཡཱའི་བུ་ཡིན་པའི་ལུང་སྟོན་པ་ཟཱ་ཀར་ཡ་ལ་བྱུང་ནས་འདི་སྐད་དུ། ངས་མཚན་མོར་བལྟས་པ་ན། མི་ཞིག་རྟ་རྐྱང་རྐྱང་ཞིག་ལ་ཞོན་ནས། གྲོག་ཤུར་ནང་གི་པ་སངས་མེ་ཏོག་གི་དཀྱིལ་དུ་ལངས་བསྡད་ཡོད་དེ། དེའི་རྒྱབ་ཏུ་རྟ་རྐྱང་རྐྱང་དང་རྟ་ཁམ་ཁམ། རྟ་དཀར་པོ་བཅས་ཡོད་པ་མཐོང་བྱུང་། དེ་ནས་ངས་ཀྱེ་ང་ཡི་ཇོ་བོ་ལགས། འདི་རྣམས་ཅི་ཡིན་ནམ་ཞེས་ཞུས་པ་ན། བདག་ལ་གསུང་གནང་བའི་ཕོ་ཉ་དེས་ང་ལ་འདི་སྐད་དུ། འདི་རྣམས་ཅི་ཡིན་པ་ངས་ཁྱོད་ལ་སྟོན་པར་བྱའོ་ཞེས་གསུངས། པ་སངས་མེ་ཏོག་གི་དཀྱིལ་དུ་ལངས་སྡོད་པའི་མི་དེས་ང་ལ་ན་རེ། འདི་རྣམས་ནི་དཀོན་མཆོག་ཡ་ཝཱེས་ས་གཞི་ཀུན་ལ་གཟིགས་པའི་ཕྱིར་མངགས་པ་རྣམས་ཡིན་ནོ་ཞེས་སྨྲས་སོ། ། ཡང་སྐྱ་མི་དེ་དག་གིས་པ་སངས་མེ་ཏོག་གི་དཀྱིལ་དུ་ལངས་སྡོད་པའི་དཀོན་མཆོག་ཡ་ཝཱེའི་ཕོ་ཉ་དེ་ལ་འདི་ལྟར། ངེད་ཅག་གིས་ས་གཞི་ཀུན་ལ་བལྟས་ཟིན་ཏེ། ས་གཞི་ནི་ཡོངས་སུ་ལྷིང་འཇགས་ངང་བདེ་བར་གནས་སོ་ཞེས་ཞུས་པ་དང་། དེ་ནས་དཀོན་མཆོག་ཡ་ཝཱེའི་ཕོ་ཉ་ན་རེ། ཀྱེ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ཡེ་རུ་སཱ་ལེམ་དང་ཡ་ཧུ་དཱའི་གྲོང་སྡེ་རྣམས་ལ་སྙིང་རྗེས་མི་གཟིགས་པར་དུས་ནམ་ཞིག་གི་བར་དུ་ལུས་སམ། ལོ་བདུན་ཅུའི་རིང་ལ་ཁྱེད་ཉིད་དེ་རྣམས་ལ་ཐུགས་ཁྲོས་སོ་ཞེས་ཞུས་པ་ན། དཀོན་མཆོག་ཡ་ཝཱེས་བྱམས་བརྩེ་ངང་སེམས་གསོའི་ཚུལ་དུ་བདག་ལ་གསུང་གནང་བའི་ཕོ་ཉ་དེར་བཀའ་ལན་གནང་ངོ་། ། དེ་ནས་བདག་ལ་གསུང་གནང་བའི་ཕོ་ཉ་དེས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་འདི་ལྟར་སྒྲོགས་ཤིག དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། བདག་ནི་ཡེ་རུ་སཱ་ལེམ་དང་ཛ་ཡན་གཉིས་ཀྱི་དོན་དུ་སེམས་པ་ཕྲག་དོག་གིས་ཁེངས་ཡོད། བློ་བདེ་བག་ཕེབས་ངང་གནས་པའི་མི་རིགས་རྣམས་ལ་ང་རབ་ཏུ་ཁྲོའོ། །ཅིའི་ཕྱིར་ཞེ་ན། ང་ནི་རང་གི་མི་རྣམས་ལ་ཅུང་ཙམ་ཁྲོས་ཀྱང་། དེ་དག་གིས་ངའི་མི་རྣམས་ཀྱི་སྡུག་བསྔལ་ཆེ་རུ་བཏང་ངོ་། ། དེ་བས་ན་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་ནི་སྙིང་རྗེའི་སེམས་དང་བཅས་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་ནས། བདག་གི་མཆོད་ཁང་ནི་གྲོང་ཁྱེར་ནང་དུ་ཡང་བསྐྱར་བཞེང་བར་འགྱུར་ལ། ཡེ་རུ་སཱ་ལེམ་གྱི་སྟེང་དུ་ཐིག་སྐུད་འཐེན་པར་འགྱུར་ཞེས་གསུངས་ཏེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། ཡང་ཁྱོད་ཀྱིས་འདི་ལྟར་སྒྲོགས་ཤིག དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། བདག་གི་གྲོང་ཁྱེར་རྣམས་སླར་ཡང་དར་ཞིང་རྒྱས་པར་འགྱུར་ཏེ། དཀོན་མཆོག་ཡ་ཝཱེས་ཡང་བསྐྱར་ཛ་ཡན་ལ་སྙིང་རྗེས་གཟིགས་ནས་ཡེ་རུ་སཱ་ལེམ་འདེམས་པར་འགྱུར་ཞེས་པའོ་ཞེས་གསུངས་སོ། ། ཡང་ངས་མགོ་ཡར་བཀྱགས་ནས་བལྟས་པ་ན། རྭ་ཅོ་བཞི་མཐོང་བྱུང་། དེ་ནས་ངས་བདག་ལ་གསུང་གནང་བའི་ཕོ་ཉ་དེ་ལ་འདི་ལྟར། འདི་དག་ཅི་ཡིན་ནམ་ཞེས་ཞུས་པའི་ལན་དུ་ཁོང་གིས་ང་ལ་འདི་སྐད་དུ། འདི་དག་ནི་ཡ་ཧུ་དཱ་དང་ཡེས་ར་ཨེལ། ཡེ་རུ་སཱ་ལེམ་བཅས་གཏོར་བར་བྱེད་པའི་རྭ་ཅོ་རྣམས་ཡིན་ཞེས་གསུངས་སོ། ། ཡང་དཀོན་མཆོག་ཡ་ཝཱེས་ང་ལ་བཟོ་བ་བཞི་བསྟན་ཞིང་། དེ་ནས་ངས་མི་འདི་རྣམས་ཅི་བྱེད་དུ་འོངས་པ་ཡིན་ནམ་ཞེས་ཞུས་པ་ལ། ཕོ་ཉ་དེས་ང་ལ་འདི་སྐད་དུ། འདི་དག་ནི་ཡ་ཧུ་དཱ་གཏོར་མཁན་གྱི་རྭ་ཅོ་ཡིན་ཏེ། ཐ་ན་རང་གི་མགོ་ཡར་འདེགས་ནུས་མཁན་གཅིག་ཀྱང་མེད་དོ། །ཡིན་ནའང་བཟོ་བ་འདི་དག་ནི་མི་རིགས་རྣམས་ལ་འཇིགས་སྐུལ་བར་འོངས་ནས། དེ་དག་གི་རྭ་ཅོ་རྣམས་མར་གཡུག་པར་འགྱུར། མི་སྡེ་འདི་དག་ནི་སྔར་རང་གི་རྭ་ཅོ་ཡར་བཀྱགས་ནས་ཡ་ཧུ་དཱ་ལ་རྒོལ་བ་དང་། ཡ་ཧུ་དཱ་ཡུལ་གྱི་མི་རྣམས་གཏོར་མཁན་ཡིན་ནོ་ཞེས་གསུངས་སོ། །