༄༅། །མཱར་ཀུའི་འཕྲིན་བཟང་།. 1. དེ་ཡང་དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀའི་འཕྲིན་བཟང་གི་ཐོག་མ་ནི་འདི་ལྟར་ཡིན༌ཏེ། ལུང་སྟོན་པ་ཡེ་ཤ་ཡཱ་ཡི་མདོ་ལས་ཇི་སྐད༌དུ། བདག་གི་ཕོ་ཉ་ཁྱོད་ཀྱི་མདུན་དུ༌མངགས།། ཁྱོད་ཀྱི་ལམ་ནི་གྲ་སྒྲིག་བྱེད་ལ༌ལྟོས།། དབེན་སྟོང་ཡུལ་ནས་གྲགས་པའི་འབོད་སྒྲ༌ཡིས།། གཙོ་བོའི་ཕེབས་ལམ་སྟ་གོན༌བྱེད་པ་དང་།། ཁོང་གི་གཤེགས་ལམ་དྲང་པོར་བཟོ་བར༌གྱིས།། ཞེས་བཀོད་པ༌བཞིན། ཁྲུས་གསོལ་མཁན་ཡོ་ཧ་ནན་དབེན་སྟོང་ཞིག་ཏུ་ཕེབས་ཏེ། སྡིག་པ་བསལ་བའི༌ཕྱིར་འགྱོད་བཤགས་ཀྱི་རྟགས་སུ་ཁྲུས་གསོལ་ལ་ཞུགས་པའི་ཆོས་བསྒྲགས། ཡ་ཧུ་དཱའི་ས་ཆ་དང་ཡེ་རུ་སཱ་ལེམ་གྱི་མི་ཐམས་ཅད་ཡོ་ཧ་ནན་གྱི་དྲུང་དུ་སོང་ནས། རང་གི་སྡིག་པ་མཐོལ་བཤགས་བྱས་པ་དང་ཡོར་དན་གཙང་པོར་ཞུགས་ཤིང་ཁོང་གིས་ཀྱང་དེ་རྣམས་ལ་ཁྲུས་གསོལ་མཛད་དོ།། ཡོ་ཧ་ནན་གྱིས་རྔ་རྩིད་ཀྱིས་བཟོས་པའི་ལྭ་བ་གྱོན་པ༌དང༌། ཀོ་བའི་སྐ་རགས་བཅིངས་ཤིང་ཟས་ལ་འབུ་ཆ་ག་པ་དང་རི་སྐྱེས་སྦྲང་རྩི་སྤྱོད༌པ་ཡིན། ཡོ་ཧ་ནན་གྱིས། བདག་གི་རྗེས་སུ་བདག་ལས་ཀྱང་མཐུ་སྟོབས་ཆེ་བ་ཞིག་ཕེབས་ངེས༌ཏེ། ངས་མར་སྒུར་ནས་ཁོང་གི་ལྷམ་མདུད་ཀྱང་དགྲོལ་བར་མི་འོས། ངས་ཁྱོད་རྣམས་ལ་ཆུ་ཡིས་ཁྲུས་གསོལ་བྱེད་པ་ཡིན༌མོད། འོན་ཀྱང་ཁོང་གིས་ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་མཛད་པར་འགྱུར་ཞེས་ཆོས་བསྒྲགས་སོ།། དེའི་དུས༌སུ། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ག་ལིལ་ཡུལ་གྱི་ནཱ་ཙ་རེལ་ནས་ཚུར་ཕེབས༌ཤིང༌། ཡོ་ཧ་ནན་གྱིས་ཡོར་དན་གཙང་པོ་ནས་སྐྱབས་མགོན་ཡེ་ཤུ་ལ་ཁྲུས་གསོལ་བྱས། སྐྱབས་མགོན་ཡེ་ཤུ་ཆུ་ལས་ཡར་བུད་མ་ཐག་ཏུ་ནམ་མཁའི་སྒོ་ཕྱེས་ཤིང་། དམ་པའི་ཐུགས་ཉིད་ནི་བྱ་ཕུག་རོན་གྱི་གཟུགས་ཀྱིས་རང་ཉིད་ཀྱི་ལུས་སྟེང་ལ་བབས་པ་ཁོང་གིས་གཟིགས། ཡང་ནམ་མཁའི་ཞིང་ཁམས་ནས་སྐད་སྒྲ་ཞིག་གྲགས༌ཏེ། ཁྱོད་ནི་ང་ཡི་གཅེས་པའི་བུ་ཡིན་ཞིང་ང་རང་ཁྱོད་ལ་ཤིན་ཏུ་དགའ་ཞེས་གསུངས༌སོ།། དེ་ལྟར་གསུངས་མ་ཐག་ཏུ་དམ་པའི་ཐུགས་ཉིད་ཀྱིས་སྐྱབས་མགོན་ཡེ་ཤུ་བསྐུལ་ནས་ཁོང་ཉིད་དབེན་སྟོང་ཞིག་ཏུ་ཕེབས་པ༌དང༌། དབེན་སྟོང་དེ་རུ་ཉིན་བཞི་བཅུའི་རིང་ལ་བདུད་སཱ་ཏན་གྱིས་ཁོང་ལ་ཉམས་ཚོད་བྱས༌ཤིང༌། ཁོང་ཉིད་གཅན་གཟན་དང་མཉམ་དུ་བཞུགས་པ༌དང༌། ཕོ་ཉ་རྣམས་ཕེབས་ནས་ཁོང་ལ་ཞབས་ཕྱི་བསྒྲུབས༌སོ།། ཡོ་ཧ་ནན་བཙོན་དུ་བཅུག༌རྗེས། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ག་ལིལ་ཡུལ་དུ་ཕེབས་ནས་དཀོན་མཆོག་གི་འཕྲིན་བཟང་བསྒྲགས་ཏེ་འདི་སྐད༌དུ། དུས་ལོངས་ཤིང་དཀོན་མཆོག་གི་རྒྱལ་སྲིད་ཉེ་བར་སླེབས་པས། ཁྱོད་ཅག་གིས་ཀྱང་འགྱོད་བཤགས་བྱས་ཏེ་འཕྲིན་བཟང་ལ་དད་པ་བྱོས་ཤིག་ཅེས་གསུངས༌སོ།། སྐྱབས་མགོན་ཡེ་ཤུ་མཚོ་ག་ལིལ་གྱི་མཚོ་འགྲམ་བརྒྱུད་ནས་ཕེབས་པ༌ན། ཁོང་གིས་སི་མོན་དང་དེའི་སྤུན་ཨན་དྲི་ཡཱ་ཞེས་པའི་ཉ་པ་གཉིས་ཀྱིས་མཚོ་ནང་དུ་དྲ་རྒྱ་འཕེན་བཞིན་པ་གཟིགས༌ཤིང༌། ཁོ་གཉིས་ལ་འདི་སྐད༌དུ། བདག་གི་རྗེས་སུ་ཤོག༌དང༌། ངས་ཁྱོད་གཉིས་ལ་ཉ་ཐོབ་པ་ལྟར་མི་ཡང་འཐོབ་པར་བྱའོ་ཞེས་གསུངས་མ༌ཐག ཁོ་གཉིས་ཀྱིས་དྲ་རྒྱ་དོར་ནས་ཁོང་གི་རྗེས་སུ་འབྲངས་སོ།། དེ་ནས་སྐྱབས་མགོན་ཡེ་ཤུ་ཅུང་ཙམ་མདུན་དུ་ཕེབས་པ༌ན། ཟེ་བད་ཡཱའི་བུ་ཡ་ཀོབ་དང་ཁོའི་སྤུན་ཡོ་ཧ་ནན་གཉིས་ཀྱིས་ཀྱང་གྲུའི་སྟེང་ནས་དྲ་རྒྱ་བཟོ་བཅོས་བྱེད་བཞིན་པ་གཟིགས་པ༌དང༌། སྐྱབས་མགོན་ཡེ་ཤུས་ཁོ་གཉིས་ལ་ཞལ་འབོད་གནང་ཞིང་། ཁོ་གཉིས་ཀྱིས་ཕ་ཟེ་བད་ཡཱ་དང་གླ་བ་རྣམས་གྲུའི་སྟེང་ནས་བསྐྱུར་ཏེ་ཁོང་གི་རྗེས་སུ་འབྲངས་སོ།། ཁོང་རྣམས་ཀཱ་ཕར་ན་ཧུམ་དུ་ཕེབས་པ༌དང༌། ངལ་གསོ་བའི་ཉིན་ལ་སྐྱབས་མགོན་ཡེ་ཤུ་ཆོས་ཁང་དུ་ཕེབས་ནས་མི་རྣམས་ལ་ཆོས་གསུངས་ཤིང་། ཁོང་གིས་མི་རྣམས་ལ་ཆོས་གསུངས་པ་ནི་མཁན་པོ་རྣམས་དང་མི་འདྲ་བར་མི་དབང་ཅན་ཞིག་གིས་གསུངས་པ་དང་འདྲ༌བས་ཁོ་རྣམས་ངོ་མཚར་བར་གྱུར་ཏོ།། དེའི་དུས༌སུ། ཆོས་ཁང་དེ་རུ་གདོན་འདྲེས་བཟུང་བའི་མི་ཞིག་ཡོད་པ་དེས་སྐད་ཆེན༌པོས། ཀྱེ། ནཱ་ཙ་རེལ་པ་ཡེ༌ཤུ། ཁྱེད་དང་ངེད་ཅག་ལ་འབྲེལ་བ་ཅི་མཆིས༌སམ། ཁྱེད་རང་ངེད་རྣམས་འཇོམས་པར་ཕེབས༌སམ། ངས་ཁྱེད་རང་སུ་ཡིན་པ་ཤེས༌ཏེ། ཁྱེད་ནི་དཀོན་མཆོག་གི་སྐྱེས་བུ་དམ་པ་དེ་ཉིད་ཡིན་ཞེས་སྨྲས་པ༌ལ། སྐྱབས་མགོན་ཡེ་ཤུས་གདོན་འདྲེ་དེ་ལ་འདི་སྐད༌དུ། ཁ་རོག་ཏུ་སྡོད༌ཅིག ཁོའི་ལུས་ནས་ཕྱིར་བུད་ཅིག་ཅེས་བཀའ་བཀྱོན་གནང་བ༌ན། གདོན་འདྲེས་མི་དེ་དྲག་ཏུ་སྤྲུགས་པ་དང་སྐད་ཆེན་པོ་བརྒྱབ་སྟེ་ཕྱི་རུ་ཐོན་ནོ།། མི་ཚང་མ་ཧ་ལས་ཏེ་ཕན་ཚུན་ལ་ཅི་ཡིན་འདྲི་བཞིན་འདི་ནི་དབང་ཐང་ཆེ་བའི་བཀའ་ཆོས་གསར་པ་ཞིག་རེད༌ཨང༌། ཁོང་གིས་གདོན་འདྲེ་ལ་བཀའ་གནང་ཞིང་དེ་དག་གིས་ཀྱང་ཁོང་གི་བཀའ་ལ་མཉན་ཞེས་སྨྲས་མ༌ཐག སྐྱབས་མགོན་ཡེ་ཤུའི་མཚན་སྙན་གྲགས་ཀྱང་ག་ལིལ་ཡུལ་གྱི་ཕྱོགས་བཞི་ཐམས་ཅད་ལ་ཁྱབ་པར་གྱུར༌ཏོ།། སྐྱབས་མགོན་ཡེ་ཤུ་དང་བཅས་པ་ཆོས་ཁང་ནས་ཕྱིར་བུད༌པ་དང་། ཡ་ཀོབ་དང་ཡོ་ཧ་ནན་གཉིས་དང་མཉམ་དུ་སི་མོན་དང་ཨན་དྲི་ཡཱ་གཉིས་ཀྱི་ཁྱིམ་དུ་ཕེབས་སོ།། དེའི་དུས༌སུ། སི་མོན་གྱི་སྒྱུག་མོར་ཚ་བརྒྱབ་སྟེ་ཉལ་ནས་བསྡད་ཡོད༌པས། ཁོ་རྣམས་ཀྱིས་མྱུར་དུ་ཁོ་མོའི་གནས་ཚུལ་སྐྱབས་མགོན་ཡེ་ཤུ་ལ་ཞུས༌ཤིང༌། ཁོང་ཉིད་ཁོ་མོའི་མདུན་དུ་ཕེབས་ཏེ་ལག་པར་འཇུས་ཤིང་ཡར་བསྐྱོར་ནས་ལངས་སུ་བཅུག་པ༌ན། ཁོ་མོའི་ཚ་བཞག་སྟེ་ཁོང་རྣམས་ལ་ཞབས་ཕྱི་བསྒྲུབས་སོ།། ཉི་མ་ནུབ་ནས་ས་རུབ་པའི་དུས༌སུ། མི་རྣམས་ཀྱིས་ནད་པ་དང་གདོན་འདྲེས་བཟུང་བའི་མི་ཐམས་ཅད་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཁྲིད་ཡོང་བ༌དང༌། གྲོང་ཁྱེར་གྱི་མི་ཚང་མ་ཁྱིམ་ཚང་དེའི་སྒོ་ཁར་འདུས། ཁོང་གིས་ནད་རིགས་སྣ་ཚོགས་བྱུང་བའི་ནད་པ་མང་པོ་སོས་སུ་བཅུག༌ཅིང༌། གདོན་འདྲེ་མང་པོའང་ཕྱི་རུ་བསྐྲད། གདོན་འདྲེ་དེ་དག་གིས་ཁོང་ཉིད་སུ་ཡིན་པ་ཤེས་པས་ཁོང་གིས་དེ་དག་ལ་སྐད་ཆ་སྨྲ་རུ་མ་བཅུག་གོ། དེའི་ཕྱི༌ཉིན། ནམ་མ་ལངས་པའི་སྔོན་ལ། སྐྱབས་མགོན་ཡེ་ཤུ་ཡར་བཞེངས་ཏེ་དབེན་གནས་ཤིག་ཏུ་ཕེབས་ནས་གསོལ་བ་བཏབ༌ཅིང་། སི་མོན་དང་ཁོའི་ལམ་གྲོགས་རྣམས་ཁོང་ཉིད་འཚོལ་དུ་སོང་བ༌དང༌། ཁོང་དང་མཇལ་རྗེས་མི་ཐམས་ཅད་ཀྱིས་ཁྱེད་རང་འཚོལ་བཞིན་འདུག་ཅེས་ཞུས་པ༌ན། ཁོང་གིས་འདི་སྐད༌དུ། བདག་ཅག་ཡུལ་གཞན་དུ་འགྲོའོ།། ཉེ་འཁོར་གྱི་གྲོང་རྡལ་དུ་སོང་ནས་ཆོས་བསྒྲག་པར༌བྱའོ།། ང་རང་ཡང་དོན་འདིའི་ཆེད་དུ་ཡོང་བ་ཡིན་ཞེས་གསུངས་པ༌དང༌། ཁོང་ཉིད་ག་ལིལ་ཡུལ་གྱི་ས་ཆ་སོ་སོར་ཕེབས་ནས། ཆོས་ཁང་དུ་ཆོས་བསྒྲགས་ཤིང་གདོན་འདྲེ་རྣམས་ཕར་བསྐྲད༌དོ།། མཛེ་ནད་བྱུང་བའི་མི་ཞིག་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་ནས་པུས་མོ་སར་བཙུགས་ཏེ་ན༌རེ། གལ་ཏེ་ཁྱེད་ཐུགས་མཉེས་པ་ཡིན༌ན། ཁྱེད་ཀྱིས་ང་རང་གཙང་མར་མཛད་ནུས་པ་ཡིན་ཞེས་ཞུ་བ་བྱས་པ༌ལ། སྐྱབས་མགོན་ཡེ་ཤུས་མི་དེ་ལ་སྙིང་རྗེ་དགོངས་ནས་ཕྱག་བརྐྱངས་ཤིང་རེག་སྟེ་ང་རང་འཐད་པ་ཡིན། ཁྱོད་རང་གཙང་མར་གྱུར་ཅིག་ཅེས་གསུངས་མ༌ཐག མི་དེའི་མཛེ་ནད་སོས་ཏེ་གཙང་མར་གྱུར་ཏོ།། དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་ལ་འདི་སྐད༌དུ། ཁྱོད་ཀྱིས་གཟབ་པར༌གྱིས། གཞན་ལ་ཅི་ཡང་མི་སྨྲ་བར་གྱིས། ཁྱོད་རང་སོང་ནས་རང་གི་ལུས་པོ་མཆོད་དཔོན་ལ་སྟོན༌དང༌། མི་རྣམས་ལ་བདེན་དཔང་བྱེད་པའི་ཆེད་དུ་མོ་ཤེ་ཡིས་བཀའ་གནང་ཡོད་པ༌བཞིན། གཙང་མར་གྱུར་པའི་མཆོད་པ་ཕུལ་ཅིག་ཅེས་ནན་གྱིས་བཀའ་གནང་ཞིང་མྱུར་དུ་བཏང༌མོད། འོན་ཀྱང་མི་དེ་ཕྱི་རུ་སོང་ནས་གཏམ་མང་པོ་སྨྲས་ཤིང་གནས་ཚུལ་འདིའང་ཁྱབ་བསྒྲགས་བྱས༌པས། དེའི་རྗེས༌སུ། སྐྱབས་མགོན་ཡེ་ཤུ་གྲོང་ཁྱེར་གང་ལའང་མངོན་སུམ་དུ་ཕེབས་མ་ནུས་པར་ཕྱི་རོལ་གྱི་དབེན་གནས་སུ་བཞུགས། འོན་ཏེ་མི་རྣམས་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཁོང་གི་དྲུང་དུ་ཡོང་ངོ་།།